ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཡང་གིས་ལམ་ལུགས་གསར་སྐྲུན་གཏིང་ཟབ་ཏུ་སྤེལ་ཏེ་སྟོབས་ཤུགས་ཡོད་རྒུ་བཏོན་ནས་རང་དབང་ཉོ་ཚོང་ཚོད་ལྟ་ས་ཁུལ་འཛུགས་སྐྲུན་གྱི་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས་ཞེས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཡང་ཟླ་ལྔ་བའི་ཚེས་བཞི་ཉིན་ཧྲང་ཧེ་ནས་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་རང་དབང་ཉོ་ཚོང་ཚོད་ལྟ་ས་ཁུལ་འཛུགས་སྐྲུན་གྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭར་ཞུགས་པར་མ་ཟད་སློབ་ཁྲིད་བྱས། ཁོས་ནན་གྱིས་བཤད་རྒྱུར། རང་དབང་ཉོ་ཚོང་ཚོད་ལྟ་ས་ཁུལ་འཛུགས་སྐྲུན་བྱེད་པ་ནི་ཏང་ཀྲུང་དབྱང་གིས་གནས་བབ་གསར་བའི་འོག་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པ་དང་སྒོ་འབྱེད་རྒྱ་བསྐྱེད་པའི་འཐབ་ཇུས་བྱེད་ཐབས་ཤིག་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་ལག་ལེན་གལ་ཆེན་བྱས་པའང་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་དང་ཙུང་ལི་ལིས་ཁི་ཆང་གི་ཆོག་མཆན་མཛུབ་སྟོན་གྱི་རེ་བར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། བློ་བརྟན་འགྱུར་མེད་སྒོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་དང་། རྒྱལ་སྤྱིའི་སྔོན་ཐོན་ཚད་གཞི་ལྟར། ལམ་ལུགས་གསར་གཏོད་དང་བཅོས་སྒྱུར་མ་ལག་ལ་ཤུགས་བསྣན་ཏེ། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་དང་སྒོ་འབྱེད་རྒྱ་བསྐྱེད་པའི་ཚོད་ལྟ་དཔེ་སྟོན་གྱི་ནུས་པ་སྔར་ལས་ངོམས་པར་བྱེད་དགོས་ཟེར།

ཝང་ཡང་གིས་བཤད་རྒྱུར། ལོ་བཞིའི་རིང་ལ། རང་དབང་ཉོ་ཚོང་ཚོད་ལྟ་ས་ཁུལ་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་དང་བཀོད་སྒྲིག་སྣ་ཚོགས་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། ལམ་ལུག་གསར་གཏོད་བྱེད་པ་གཙོ་བོར་བཟུང་སྟེ། རང་འགུལ་གྱིས་རྒྱལ་ཁབ་འཐབ་ཇུས་ལ་ཞབས་ཕྱི་སྒྲུབ་པ་དང་། སྤོབས་པ་ཆེན་པོས་འཚོལ་ཞིབ་བྱེད་པ། དཀའ་ཁག་སྣ་ཚོགས་ཁྱད་དུ་བསལ་ཏེ། ཕྱོགས་མང་པོའི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་པར་མ་ཟད། གྲུབ་འབྲས་གལ་ཆེན་སྐོར་ཞིག་རྒྱལ་ཡོངས་སུ་ཁྱབ་གདལ་དུ་བཏང་བ་དང་། བཅོས་སྒྱུར་སྒོ་འབྱེད་ཀྱི་ཁྱོན་ཡོངས་ཀྱི་ཁྲོད་ནས་སྣེ་ཁྲིད་རང་བཞིན་དང་མཚོན་བྱེད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས།

ཝང་ཡང་གིས་ནན་གྱིས་བཤད་རྒྱུར། དེང་སྐབས་རང་རྒྱལ་གྱི་འཕེལ་རྒྱས་རྒྱུན་རྣམ་གསར་བའི་དུས་སུ་བསླེབས་པ་དང་། བཅོས་སྒྱུར་མཁྲེགས་གཏོར་གྱི་དུས་སུ་བསླེབས་པ། སྒོ་འབྱེད་གནས་བབ་གསར་བ་དང་འཕྲད་ཡོད་པས། རང་དབང་ཉོ་ཚོང་ཚོད་ལྟ་ས་ཁུལ་གྱི་འཛུགས་སྐྲུན་ལ་རེ་བ་སྔར་ལས་ནན་མོ་བཏོན་ཏེ། འདུ་ཤེས་སྔར་ལས་བསྒྱུར་བ་དང་ངོས་འཛིན་མཐོར་འདེགས་སུ་གཏོང་དགོས་པར་མ་ཟད། ལམ་ལུགས་གསར་གཏོད་བྱེད་པའི་ཐད་ནས་འབད་བརྩོན་ཆེན་པོ་བྱེད་དགོས། དོན་དངོས་ལ་རྐང་འཛུགས་པ་རྒྱུན་འཁྱོངས་བྱས་ནས། ཕན་ཚུན་བར་ཁ་གསབ་བྱས་ཏེ། རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་བཅོས་སྒྱུར་སྒོ་འབྱེད་ཀྱི་རྟེན་གཞི་གསར་བ་ཆགས་པར་བྱེད་དགོས། དུས་ཐོག་ཏུ་སྤྱི་བསྡོམས་དང་དཔྱད་བསྡུར་ཚོད་དཔག་བྱས་ནས། མྱུར་དུ་ཁྱབ་གདལ་དུ་གཏོང་བ་དང་། ཁྱབ་གདལ་གྱི་སྤུས་ཚད་དང་ཕན་འབྲེལ་མཐོར་འདེགས་སུ་གཏོང་རྒྱུར་གཙིགས་འཛིན་བྱེད་དགོས། རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་སྣོན་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ཏེ། ས་གནས་སོ་སོའི་ཚོད་ལྟའི་ལས་འགན་དོན་ཐོག་ཏུ་འཁྱོལ་བར་དངོས་སུ་ཁག་ཐེག་བྱེད་དགོས་ཟེར།

ཐེངས་འདིའི་བགྲོ་གླེང་འཛིན་གྲྭ་དེ་ཚོང་དོན་པུའུ་དང་ཕུའུ་ཏུང་ལས་བྱེད་པའི་སློབ་གླིང་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ལས་ཁུངས་དང་ཞིང་ཆེན་དང་རང་ལྗོངས་སྐྱོང་། གྲོང་ཁྱེར་བཅས་སོ་སོའི་འབྲེལ་ཡོད་འགན་ཁུར་བློ་མཐུན་དེའི་ཁྲོད་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།