ཀྲུང་གོ་བོད་ཀྱི་དྲ་བ།

​ཡུས་ཀྲིན་ཧྲིན་གྱིས་རྒྱལ་སྤྱིའི་ཏའོ་ཅའོ་ཆོས་ལུགས་གླེང་སྟེགས་ཐེངས་བཞི་བ་ཚོགས་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་ཏའོ་ཅའོ་ཆོས་ལུགས་གླེང་སྟེགས་ཐེངས་བཞི་བ་ཚེས་བཅུ་ཉིན་ཧུའུ་པེ་ཞིང་ཆེན་གྱི་ཧྲི་ཡན་གྲོང་ཁྱེར་བུའུ་ཏང་ཧྲན་ནས་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གླེང་སྟེགས་སྟེང་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་སྟེ། གླེང་སྟེགས་སུ་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་ཏའོ་ཅའོ་ཆོས་ལུགས་ལས་རིགས་ཀྱི་གྲོགས་པོ་དང་སྐུ་མགྲོན་རྣམས་ལ་ལྷག་བསམ་རྣམ་དག་སྒོས་དགའ་བསུ་དང་བརྩེ་བའི་འཚམས་འདྲི་ཞུས།

ཡུས་ཀྲིན་ཧྲིན་གྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་གསུངས་རྒྱུར། ཏའོ་ཅའོ་ཆོས་ལུགས་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་མཚར་རིན་ཐང་དེར་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་སྔར་ལས་ཁས་ལེན་བྱས་པར་མ་ཟད། རིགས་རྒྱུད་མི་གཅིག་པ་དང་མི་རིགས་མི་གཅིག་པ། ཆོས་ལུགས་མི་གཅིག་པ་བཅས་ཀྱི་མི་རྣམས་ཀྱིས་འཆམ་མཐུན་མཉམ་གནས་བྱེད་པར་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་ནུས་པ་བཟང་བོ་འདོན་སྤེལ་བྱས་ཡོད། ཐེངས་འདིའི་གླེང་སྟེགས་ཀྱིས་ཏའོ་ཅའོ་ཆོས་ལུགས་ཀུན་ལ་ཁྱབ། ཀུན་སྤྱོད་བཟང་བོས་གནའ་དེང་སྦྲེལ་ཞེས་པ་བརྗོད་བྱ་གཙོ་བོར་བཟུང་སྟེ། ཏའོ་ཅའོ་ཆོས་ལུགས་ཀྱི་བཟོད་སྒོམ་སྙིང་སྟོབས་མཚོན་པར་བྱས་པར་མ་ཟད། ཀུན་སྤྱོད་བཟང་བོའི་འདུ་ཤེས་ངོམས་པར་བྱས་ཡོད་ཟེར།

ཡུས་ཀྲིན་ཧྲིན་གྱིས་ཚང་མས་བརྗོད་བྱ་གཙོ་བོ་དེར་དམིགས་ཏེ། ཏའོ་ཅའོ་ཆོས་ལུགས་ཀྱི་བསམ་བློའི་བང་མཛོད་སྔོག་འདོན་བྱས་ནས། མཉམ་འཛུགས་མཉམ་སྤྱོད་ཀྱི་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་ཆགས་པར་བྱེད་པ་དང་། འཛམ་གླིང་གི་ཞི་བདེ་ལ་སྐུལ་འདེད་གཏོང་བ། མིའི་རིགས་ལ་བདེ་སྐྱིད་སྐྲུན་པ་བཅས་ཐད་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།