ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་ཀྲུང་དབྱང་དམག་དམངས་མཉམ་བསྲེས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་པར་མ་ཟད་གཏམ་གལ་ཆེན་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས20ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་དམག་དམངས་མཉམ་བསྲེས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་ཀྲུང་དབྱང་དམག་དམངས་མཉམ་བསྲེས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་པར་མ་ཟད་གཏམ་གལ་ཆེན་བཤད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་དམག་དམངས་མཉམ་བསྲེས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁི་ཆང་དང་ལིག་ཡུན་ཧྲན་གཉིས་ཀ་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་དམག་དམངས་མཉམ་བསྲེས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཞོར་དུ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྱི་འགན་འཁུར་མཁན་ཀྲང་ཀའོ་ལིས་ཀྱིས་གཞུང་སྒྲུབ་ཁང་གི་འཛུགས་སྐྲུན་གྲ་སྒྲིག་བྱ་བའི་གནས་ཚུལ་དང་གྲོས་ཚོགས་ཀྱི་གྲོས་ཞིབ་ཡིག་ཆ་གསལ་བཤད་བྱས།

ཚོགས་ཐོག་ནས«ཀྲུང་དབྱང་དམག་དམངས་མཉམ་བསྲེས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྒྲིག་སྲོལ»དང«ཀྲུང་དབྱང་དམག་དམངས་མཉམ་བསྲེས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་བྱ་བའི་སྒྲིག་སྲོལ» «ཀྲུང་དབྱང་དམག་དམངས་མཉམ་བསྲེས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཉེ་བའི་དུས་སྐབས་ཀྱི་བྱ་བའི་གནད་ས» «ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་དམག་དམངས་མཉམ་བསྲེས་འཕེལ་རྒྱས་མགོ་ཁྲིད་ལས་ཁུངས་དང་བྱ་བའི་ལས་ཁུངས་འཛུགས་པའི་བསམ་འཆར»བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཞི་ཅིན་ཕིང་གིས་བཤད་རྒྱུར། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། འགན་འཁྲི་ཁག་ཁུར་ནུས་པ་ཇེ་ཆེར་གཏོང་བ་དང་སྤོབས་པ་ཆེན་པོས་དཀའ་ཁག་ཁྱད་བསལ་དང་ཐབས་ལམ་གསར་བ་གསར་གཏོད་བྱེད་དགོས་ལ། རྩ་འཛུགས་དོ་དམ་དང་སྲིད་ཇུས་འཆར་འགོད། བཅོས་སྒྱུར་གལ་ཆེན། རྨང་གཞི་འཛུགས་སྐྲུན། ཚོད་ལྟའི་དཔེ་སྟོན་སོགས་ཕྱོགས་ཀྱི་གཅིག་གྱུར་འཆར་འགོད་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ལས་ཁུངས་དང་ཁྱབ་ཁོངས། ཁུལ་ཁོངས་བཅས་བརྒལ་བའི་གནད་དོན་གལ་ཆེན་མཐུན་སྦྱོར་སྒོས་ཐག་བཅད་དེ་བྱ་བའི་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ་པར་སྐུལ་འདེད་གཏོང་དགོས། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་སོས་དམག་དམངས་མཉམ་བསྲེས་འཕེལ་རྒྱས་མགོ་ཁྲིད་ལས་ཁུངས་མྱུར་དུ་འཛུགས་པ་དང་འགན་ནུས་སྒྲིག་སྦྱོར་དང་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བྱེད་པར་སྟོབས་དང་ལྡན་པའི་རྩ་འཛུགས་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།