ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པ་པེ་ཅིན་ནས་ཚོགས་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས་པ་དང་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ལིས་ཧྲི་ཧྲི་དང་ཨན་ཅན་གཉིས་ཀྱིས་ཕུལ་བའི་རྒྱལ་ཁབ་གསང་འཕྲིན་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་དང་ཆུའི་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ། རྒྱལ་ཡོངས་དམངས་ཆེན་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་སུན་པོ་ཧྲུའུ་ཡིས་ཕུལ་བའི་ཁེ་ལས་འབྲིང་ཆུང་གི་ཡར་སྐུལ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་བཟོ་བཅོས་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ལོ་ཆིན་ཆོན་གྱིས་ཕུལ་བའི་ས་གཤིས་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་འཆར་ཟིན་སྐོར་གྱི་གསལ་བཤད་དང་རྒྱལ་ཡོངས་དམངས་ཆེན་ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཁྲིན་ཀོང་གོ་ཡིས་ཕུལ་བའི་ཞིང་བའི་ཆེད་ལས་མཉམ་ལས་ཁང་གི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱི་གསལ་བཤད་ལ་ཉན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར། ནོར་སྲིད་པུའུ་ཀྲང་ཞོ་ཅན་དང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལིག་ཀྲིན་མེན་གཉིས་ཀྱིས་གྲོས་ཞིབ་ཆོག་མཆན་འགོད་པར་སྤྲད་པའི་འབྲེལ་ཡོད་ཕྱི་ཕྱོགས་གྲོས་མཐུན་དང་ཆིངས་ཡིག་ལ་འབྲེལ་བ་ཡོད་པའི་གྲོས་གཞི་སྐོར་ནས་གསལ་བཤད་བྱས།

ཚོགས་ཐོག་ནས་ད་དུང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་མ་ཝུན་གྱིས་ཕུལ་བའི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་ལ་ཉན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།