ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་གིས་ཕུའུ་ཐའོ་ཡ་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕུའུ་ཐའོ་ཡའི་གྲོས་དཔོན་ལོ་ཏི་ལེ་ཀི་སི་ཡིས་གདན་དྲངས་པ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བཅུ་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་ཕུའུ་ཐའོ་ཡ་ལ་དངོས་གཞིའི་འཚམས་འདྲི་བྱས་པ་དང་། ལེ་སི་པིན་གྲོང་ཁྱེར་ནས་ཙུང་ཐུང་ཏི་སོ་སཱ་དང་ཙུང་ལི་ཁི་སི་ཐ་གཉིས་ལ་མཇལ་འཕྲད་གནང་བར་མ་ཟད་གྲོས་དཔོན་ལོ་ཏི་ལེ་ཀི་སི་དང་གྲོས་མོལ་བྱས།

ཙུང་ཐུང་ཏི་སོ་སཱ་ལ་མཇལ་འཕྲད་གནང་སྐབས། ཀྲང་ཏི་ཅང་གིས་བཤད་རྒྱུར། ཀྲུང་གོ་དང་ཕུའུ་ཐའོ་ཡ་ནི་ཕན་ཚུན་ལ་བཟོད་སྒོམ་དང་བརྩི་འཇོག་བྱེད་པ་དང་ཕན་ཚུན་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་པའི་གྲོགས་པོ་བཟང་བོ་ཡིན། ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོ་དང་ཕུའུ་ཐའོ་ཡའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གསོན་ཤུགས་རྒྱས་ཤིང་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་ཆེས་བཟང་བའི་དུས་སྐབས་སུ་གནས་ཡོད། ཕུའུ་ཐའོ་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་གོ་སྐབས་དམ་འཛིན་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དང་མཉམ་ལས་ལས་གཞི་གལ་ཆེན་དངོས་འབེབས་བཟང་བོ་བྱས་ཏེ། ཕུའུ་ཐའོ་ཡ་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཙུང་ལི་ཁི་སི་ཐ་ལ་མཇལ་འཕྲད་གནང་སྐབས། ཀྲང་ཏི་ཅང་གིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གཟེངས་བསྟོད་ཐོབ་པར་མ་ཟད་དུས་སྐབས་སྔོན་མའི་གྲུབ་འབྲས་སྐོར་ཞིག་ཐོབ། ཕུའུ་ཐའོ་ཡ་ནི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་གནད་ས་ཡིན་པས་ཀྲུང་གོ་དང་ཕུའུ་ཐའོ་ཡས་གཉིས་ཕན་མཉམ་ལས་བྱེད་པར་སྦས་ཤུགས་ཆེན་པོ་ཡོད། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་སྤྱི་ཁོག་ནང་དུ་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས་ཟེར།

གྲོས་དཔོན་ལོ་ཏི་ལེ་ཀི་སི་དང་གྲོས་མོལ་མཛད་སྐབས། ཀྲང་ཏི་ཅང་གིས་བཤད་རྒྱུར། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ཕུའུ་ཐའོ་ཡ་གྲོས་ཁང་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་གྱི་མཉམ་ལས་ཆུ་ཚད་ཇེ་མཐོར་གཏོང་བ་དང་། བློ་ཐག་རྦད་ཆོད་སྒོས་མཛམ་མཐུན་མཉམ་ལས་ཀྱི་ཁྱོན་ཡོངས་སྲུང་སྐྱོབ་བྱས་ནས། ཀྲུང་གོ་དང་ཕུའུ་ཐའོ་ཡའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་མཉམ་ལས་འབྲེལ་བའི་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།