ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རབས་གསར་པའི་མི་ཐབས་རིག་ནུས་འཕེལ་རྒྱས་འཆར་འགོད》པར་འགྲེམས་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རབས་གསར་པའི་མི་ཐབས་རིག་ནུས་འཕེལ་རྒྱས་འཆར་འགོད་》(གཤམ་དུ《འཆར་འགོད་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས2030ལོར་ཕྱོགས་པའི་རང་རྒྱལ་གྱི་རབས་གསར་པའི་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློ་དང་། འཐབ་ཇུས་དམིགས་ཚད། གཙོ་གནད་ལས་འགན། འགན་ལེན་བྱ་ཐབས་བཅས་བཏོན་པ་དང་འབྲེལ་རང་རྒྱལ་གྱི་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་སྔོན་འཕེལ་ལེགས་ཆ་གཏོད་རྒྱུ་དང་གསར་གཏོད་རྣམ་པའི་རྒྱལ་ཁབ་དང་འཛམ་གླིང་གི་ཚན་རྩལ་སྟོབས་ཆེན་རྒྱལ་ཁབ་མགྱོགས་མྱུར་བསྐྲུན་རྒྱུ་བཀོད་སྒྲིག་བྱས་ཡོད་པ་རེད།

《འཆར་འགོད》ནང་རང་རྒྱལ་གྱི་རབས་གསར་པའི་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་འཐས་ཇུས་དམིགས་ཚད་ཁ་གསལ་བཏོན་པ་སྟེ2020ལོར་སླེབས་སྐབས་མི་ཐབས་རིག་ནུས་ཀྱི་སྤྱིའི་ལག་རྩལ་དང་བཀོལ་སྤྱོད་དེ་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དང་སྙོམས་ཐུབ་པ་བྱེད་པ་དང་། མི་ཐབས་རིག་ནུས་ཀྱི་ཐོན་ལས་དེ་དཔལ་འབྱོར་གྱི་འཕར་གཞི་གསར་པ་གལ་ཆེན་དུ་འགྱུར་བ་བྱས་ནས་མི་ཐབས་རིག་ནུས་ལག་རྩལ་སྤྱོད་རྒྱུ་དེ་དམངས་འཚོ་ལེགས་བཅོས་ཀྱི་ཐབས་ལམ་གསར་པ་ཞིག་ཏུ་འགྱུར་བ་བྱ་རྒྱུ་དང་། 2025ལོར་སླེབས་སྐབས་མི་ཐབས་རིག་ནུས་ཀྱི་རྨང་གཞིའི་རིགས་པའི་གཞུང་ལུགས་ལ་ཚད་བརྒལ་ཆེན་པོ་ཡོང་བ་བྱས་ནས་ལག་རྩལ་དང་བཀོད་སྤྱོད་ཁག་གཅིག་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་ཏུ་སླེབས་ཐུབ་པ་བྱ་རྒྱུ་དང་མི་ཐབས་རིག་ནུས་དེ་རང་རྒྱལ་གྱི་ཐོན་ལས་རིམ་སྤོར་དང་དཔལ་འབྱོར་ཕྱོགས་སྒྱུར་གྱི་འགུལ་ཤུགས་གཙོ་བོ་ཞིག་ཏུ་འགྱུར་བ་བྱས་ནས་རིག་ནུས་སྤྱི་ཚོགས་འཛུགས་སྐྲུན་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་ཡོང་བ་བྱ་རྒྱུ། 2030ལོར་སླེབས་སྐབས་མི་ཐབས་རིག་ནུས་ཀྱི་རིགས་པའི་གཞུང་ལུགས་དང་ལག་རྩལ་བཀོལ་སྤྱོད་ཧྲིལ་པོ་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་བྱས་ནས་འཛམ་གླིང་གི་མི་ཐབས་རིག་ནུས་གསར་གཏོད་ལྟེ་གནས་གཙོ་བོར་འགྱུར་བ་བྱ་རྒྱུ་བཅས་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།