ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་པ་ཟུར་པར་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་བདུན་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་པ་ཟུར་པ་ཁྲིན་ཧྥིན་ཧྥུའུ་ཀྲིན་ལ་ཐུག་འཕྲད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་བདུན་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་པ་ཟུར་པ་ཁྲིན་ཧྥིན་ཧྥུའུ་ཀྲིན་ལ་ཐུག་འཕྲད་བྱས།

ལིས་ཁི་ཆང་གིས་བསྟན་དོན། ཁྱེད་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་པའི་འགན་འཁུར་སྐབས། འཛམ་གླིང་གི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་སྟོབས་ཤུགས་བཏོན་པ་དང་། འཕྲོད་བསྟེན་ལས་དོན་གོང་འཕེལ་དུ་བཏང་ནས། ཨེ་པོ་ལཱ་རིམས་ནད་སོགས་ཐོལ་བྱུང་གི་སྤྱི་ཐུན་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་ལ་དུས་ལྟར་ཕན་ནུས་ལྡན་པའི་ཁ་གཏད་འཇལ་བ་དང་། ཀྲུང་གོའི་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་གྱི་བཅོས་སྒྱུར་ལ་ཡང་བློ་འདོན་དང་རྒྱབ་སྐྱོར་བྱས་ཡོད། ང་ཚོས་དེར་གཟེངས་བསྟོད་ཆེན་པོ་བྱེད་བཞིན་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོས་འབད་བརྩོན་ཆེན་པོས་སྨན་བཅོས་བཅོས་སྒྱུར་ཞེས་པའི་འཛམ་གླིང་རང་བཞིན་གྱི་དཀའ་གནད་འདི་སེལ་ནས། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་འདི་སྤྱི་ཐུན་གྱི་ཐོན་རྫས་སུ་བརྩིས་ཏེ་དམངས་ཡོངས་ལ་འདོན་སྤྲོད་བྱེད་རྒྱུའི་འདོད་བློ་བཏོན་པ་དང་། འཛམ་གླིང་སྟེང་གཞི་ཁྱོན་ཆེས་ཆེ་བའི་གཞི་རྩའི་སྨན་བཅོས་འགན་སྲུང་གི་དྲ་བ་བཙུགས་ཡོད། ང་ཚོས་མུ་མཐུད་དུ་བདེ་ཐང་ཀྲུང་གོའི་འཛུགས་སྐྲུན་སྤེལ་ནས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་བཅས་པའི་རྒྱལ་སྤྱིའི་གྲོགས་པོའི་བར་གྱི་བརྗེ་རེས་ལ་ཤུགས་སྣོན་པ་དང་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་གྲོས་རིམ་སྔར་ལས་བཟང་པོར་དངོས་འབེབས་བྱེད་འདོད་ཡོད་ཟེར།

ཁྲིན་ཧྥིན་ཧྥུའུ་ཀྲིན་གྱིས་བཤད་རྒྱུར། ཀྲུང་གོའི་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གྱི་གྲུབ་འབྲས་ནི་མིག་མཐོང་ལག་ཟིན་ཡིན་ལ། དེས་འཛམ་གླིང་སྟེང་གི་རྒྱལ་ཁབ་མང་པོར་ཕན་ཁེ་ལྡན་པའི་དཔྱད་གཞི་འདོན་སྤྲོད་བྱས་ཡོད། ངས་ཀྲུང་གོས་སྨན་བཅོས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་མཉམ་ལས་ལ་ཤུགས་སྣོན་པའི་ཐད་མུ་མཐུད་དུ་བྱས་རྗེས་དང་སྟོབས་ཤུགས་འབུལ་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།