ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཉིས་སྟོང་བཅུ་བདུན་ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས་ལ་ཞུགས་པའི་འཛམ་གླིང་གི་གཙོ་འཛིན་མནའ་འབྲེལ་གྱི་ཁོངས་མི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཉིས་སྟོང་བཅུ་བདུན་ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས་ལ་ཞུགས་པའི་འཛམ་གླིང་གི་གཙོ་འཛིན་མནའ་འབྲེལ་གྱི་ཁོངས་མི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཀྲུང་གོའི་འཕེལ་རྒྱས་བགྲོད་ལམ་དང་དེ་མིན་ཀྲུང་གོ་འཛམ་གླིང་བཅོས་སྐྱོང་ཁྲོད་དུ་ཞུགས་པའི་རྩ་དོན་དང་འདོད་ཚུལ་གཙོར་བཟུང་སྟེ་མཚམས་སྦྱོར་བྱས་པར་མ་ཟད། ཕྱི་ཕྱོགས་ཀྱི་མགྲོན་པོ་དང་འཐུས་མིའི་གཏམ་བཤད་ལ་ཉན།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་ཀྲུང་གོའི་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད། ང་ཚོས་མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། གསར་སྐྲུན་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་ནན་མོ་བྱེད་རྒྱུ་བཏོན་ཡོད། ང་ཚོས་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱས་པ་བརྒྱུད། ཤུགས་ཆེན་པོས་སྤྱི་ཚོགས་ཡོངས་ཀྱི་གསར་སྐྲུན་ནུས་ཤུགས་ཇེ་ཆེར་གཏོང་བ་དང་རྒྱུན་མཐུད་སྒོས་འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་ཆེར་གཏོང་ངེས་ཡིན། ང་ཚོས་སྔར་ལས་མཐོ་ཞིང་རིམ་པ་མང་པོའི་ཕྱི་ཕྱོགས་སྒོ་འབྱེད་ལག་བསྟར་བྱས་ཏེ། ཁྱོན་ཡོངས་ནས་སྒོ་འབྱེད་པའི་རྣམ་པ་གསར་བ་ཆགས་པར་སྐུལ་འདེད་གཏོང་ངེས་ཡིན། ཀྲུང་གོས་སྒོ་བརྒྱག་མི་སྲིད་པར་མ་ཟད་སྒོ་སྔར་ལས་ཡངས་བར་ཕྱེས་ངེས་ཡིན། ང་ཚོའི་དམིགས་འབེན་ཧ་ཅང་རླབས་ཆེན་ཞིག་ཡིན་ལ་སྤྱིར་བཏང་གི་དམིགས་འབེན་ཞིག་ཀྱང་ཡིན། མདོན་བསྡུས་ན་ཀྲུང་གོ་མི་དམངས་ཡོངས་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་རྒྱུ་དེ་ཡིན། ང་ཚོར་ང་ཚོའི་དམིགས་འབེན་མངོན་འགྱུར་བྱེད་པའི་ཡིད་ཆེས་ཆེན་པོ་ཡོད་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། འཛམ་གླིང་གཙོ་འཛིན་མནའ་འབྲེལ་གྱི་ཁོངས་མི་ཚང་མ་ནི་གླིང་ཆེན་ལྔ་ནས་ཡོང་བ་དང་། རྒྱལ་ཁབ་སོ་སོས་ཀྲུང་གོའི་བརྗེ་རེས་དང་མཉམ་ལས་ཐད་ལ་བྱ་བ་གང་མང་བསྒྲུབས་པས་བདག་གིས་དེ་ལ་གཟེངས་བསྟོད་བྱེད་པ་ཡིན། ཁོངས་མི་ཡོངས་ཀྱིས་རང་རང་གི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། ཀྲུང་གོའི་འཕེལ་རྒྱས་ཐད་ལ་བློ་འདོན་ཇུས་འབུལ་བྱེད་པ་དང་ཀྲུང་གོ་མི་དམངས་དང་རྒྱལ་ཁབ་སོ་སོའི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བཤེས་ཇེ་ཟབ་ཏུ་གཏོང་དགོས་ཟེར།

ལ་ཐོ་ཝེ་ཡའི་སྔོན་ཆད་ཀྱི་ཙུང་ཐུང་། འཛམ་གླིང་གི་གཙོ་འཛིན་མནའ་འབྲེལ་གྱི་ཀྲུའུ་ཞི་ཧྥའོ་ལེ་པེ་ཅ་དང་དབྱི་ཐ་ལིའི་སྔོན་ཆད་ཀྱི་ཙུང་ལི། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་ཕུའུ་ལོ་ཏེ་སོགས་ཀྱིས་སྔ་གཞུག་ཏུ་གཏམ་བཤད། ཁོ་ཚོས་བཤད་རྒྱུར། ཀྲུང་གོས་བཏོན་པའི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་གྲོས་གཞི་དང་ཨེ་ཤ་ཡའི་རྨང་གཞིའི་སྒྲིག་ཆས་དངུལ་གཏོང་དངུལ་ཁང་གིས་ཕྱོགས་སོ་སོ་དང་ཀྲུང་གོའི་མཉམ་ལས་ཐད་ལ་འབྲེལ་བ་བཙུགས་པ་དང་སྔར་ལས་མང་པོའི་གོ་སྐབས་འདོན་སྤྲོད་བྱས། དེང་སྐབས་ཀྱི་གནས་བབ་འོག་ཏུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་ལས་མང་པོའི་ཀྲུང་གོའི་འདོད་ཚུལ་དང་ཇུས་གཞི་ལ་ཉན་དགོས་པ་དང་། ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་དང་མི་གཞུང་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ཏེ་མཉམ་རྒྱལ་མངོན་འགྱུར་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

མཇལ་འཕྲད་མ་གནང་བའི་སྔོན་ལ། ཞི་ཅིན་ཕིང་གིས་ཕྱི་རྒྱལ་གྱི་མགྲོན་པོ་རེ་རེ་ལ་ཕྱག་འཇུ་གནང་བར་མ་ཟད་མཉམ་དུ་པར་བླངས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།