ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཁ་ན་ཏའི་ཙུང་ལི་ཐི་ལུའུ་ཏོ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

eba9f9ecce4b8d45a55d5507040491d9.jpg

ཚེས་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་ཁ་ན་ཏའི་ཙུང་ལི་ཐི་ལུའུ་ཏོ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ལྔ་ཉིན་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་ཁ་ན་ཏའི་ཙུང་ལི་ཐི་ལུའུ་ཏོ་ལ་མཇལ་འཕྲད་གནང་། ཞི་ཅིན་ཕིང་གིས་ཐི་ལུའུ་ཏོ་ཡང་བསྐྱར་ཀྲུང་གོར་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཁ་ན་ཏ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་འགྲོ་འོང་དམ་ཟབ་བྱས་པ་དེས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ཐོན་བཞིན་ཡོད། རྒྱལ་ཁབ་གཉིས་ལ་རང་རང་གི་ཁྱད་སྟོབས་ལྡན་པ་དང་ཁ་གསབ་རང་བཞིན་དྲག་པོ་ཡོད་པར་མ་ཟད། མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད། ཕྱོགས་གཉིས་ཀྱིས་བསམ་ཕྱོགས་རྒྱ་སྐྱེད་པ་དང་ཧུར་ཐག་གི་སྒོ་ནས་བྱེད་ཐབས་སྣ་ཚོགས་སྤྱད་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ནས་སྔར་ལས་ངེས་དོན་དྲང་བཞག་གི་གྲུབ་འབྲས་ལེན་པར་རེ་བ་བྱེད་བཞིན་ཡོད་ཟེར།

 ཞི་ཅིན་ཕིང་གིས་བསྟན་དོན། ཆབ་སྲིད་ཡིད་ཆེས་ལ་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བ་གཏན་འཇགས་འཕེལ་རྒྱས་སུ་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་ཡིན། རྒྱལ་ཁབ་ཞིག་གི་འཕེལ་རྒྱས་བགྲོད་ལམ་དེ་རྒྱལ་ཁབ་དེའི་མི་དམངས་རང་ཉིད་ཀྱིས་ཐག་གཅོད་བྱེད་དགོས། ཀྲུང་གོ་དང་ཁ་ན་ཏ་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ལམ་ལུགས་མི་གཅིག་རུང་ཁྱོན་ཡོངས་ནས་ཕན་ཚུན་ལ་བརྩི་བཀུར་བྱེད་པ་དང་མཉམ་ལས་ལ་ཤུགས་སྣོན་པ། བརྗེ་རེས་རྒྱ་བསྐྱེད་དུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ཕན་ཁེ་བསྐྲུན་ཆོག་ཆོག་ཡིན་ཟེར། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཁ་ན་ཏ་ཕྱོགས་གཉིས་ཀྱིས་དངོས་གཉེར་མཉམ་ལས་རྒྱ་སྐྱེད་པ་དང་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱས་ཏེ། ནུས་ཁུངས་ཐོན་ཁོངས་དང་ཚན་རྩལ་གསར་སྐྲུན། མཁའ་འགྲུལ་འགྲིམ་འགྲུལ། དངུལ་ལོར་ཞབས་ཞུ། དེང་རབས་ཞིང་ལས། དག་གཙང་ལག་རྩལ་སོགས་ཁྱབ་ཁོངས་ནས་སྔར་ལས་མང་པོའི་མཉམ་ལས་ཀྱི་རྣམ་པ་གསར་བ་བསྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་སྟོབས་དང་ལྡན་པའི་ཀྲུང་གོའི་ཁེ་ལས་ཁ་ན་ཏར་སོང་ནས་མ་དངུལ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། ཁ་ན་ཏའི་ཁེ་ལས་ཧུར་ཐག་གིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད། ཕྱོགས་གཉིས་ཀྱིས་ཉིས་སྟོང་བཅོ་བརྒྱད་ལོའི་ཀྲུང་གོ་དང་ཁ་ན་ཏའི་གནས་སྐོར་ལོ་བཟང་བོར་སྒྲུབ་པ་དང་། ཀྲུང་གོ་ཕྱོགས་ཀྱིས་སྒྲུབ་འགན་ཁུར་བའི་ཉིས་སྟོང་ཉེར་གཉིས་ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་གོ་རིམ་ཁྲོད་དུ་ཁ་ན་ཏའི་ཕྱོགས་ཀྱི་སྔོན་ཐོན་ཉམས་མྱོང་ལ་གང་ལེགས་ཀྱིས་དཔེ་ལྟ་བྱེད་འདོད་ཡོད་པར་མ་ཟད། ཕྱོགས་གཉིས་ཀྱིས་ད་དུང་ནམ་ཟླའི་འགྱུར་ལྡོག་སོགས་ཁྱབ་ཁོངས་གལ་ཆེན་དང་ཕྱོགས་མང་སྒྲོམ་གཞིའི་ཁྲོད་ཀྱི་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་ཁ་ན་ཏའི་འཐབ་ཇུས་མཉམ་འབྲེལ་བའི་ནང་རྐྱེན་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་འདོད་ཡོད་ཟེར།

ཐི་ལུའུ་ཏོ་ཡིས་བསྟན་དོན། ང་རང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་གདེང་འཇོག་བྱས་པར་ཧ་ཅང་འཐད་པ་ཡིན། ཁ་ན་ཏ་དང་ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བ་རྒྱུན་རིང་བ་ཞིག་ཡིན། ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་གནས་བབ་གསར་བར་སླེབས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་གཉེར་གྱི་ཕན་ཁེ་མང་པོ་བསྐྲུན་ཡོད་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ལའང་ཧུར་བརྩོན་རང་བཞིན་གྱི་གསལ་བརྡ་བཏང་ཡོད་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཏིན་ཞོའེ་ཞང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་སྲིད་ཨུ་ཡོན་དབྱང་ཅེ་ཁྲི་སོགས་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།