ཀྲུང་གོའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱིས་གོ་ལ་ཧྲིལ་པོའི་སྒོ་དབྱེ་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། “གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལས་བྱུང་བའི་གོ་སྐབས་ཀྲུང་གོ་ཁོ་ནར་གཏོགས་པ་ཙམ་མིན་པར། འཛམ་གླིང་གི་རྒྱལ་ཁབ་ཁག་ལ་གཏོགས་ཡོད། ང་ཚོས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་གཉིས་ཕན་ཤུགས་ཆེར་བཏང་ནས་མཉམ་དུ་དྲ་སྦྲེལ་དང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི‘མགྱོགས་འཁོར’ནང་བསྡད་དེ་རྒྱལ་ཁབ་ཁག་གི་དཔལ་འབྱོར་འཕེལ་རྒྱས་ཆེད་སྒུལ་ནུས་གསར་པ་ལེགས་སྐྱེས་ཕུལ་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་འཕེལ་བ་བྱེད་འདོད་ཡོད”ཅེས་རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རེན་ཞུས་ལིན་གྱིས་བཤད།

ཚེས4ཉིན་ཀྲེ་ཅང་ཨུ་ཀྲེན་དུ་འཚོགས་པའི་སྐབས་བཞི་པའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཐོག་ཞུས་ལིན་གྱིས“གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར། མཉམ་ལས་གཏིང་ཟབ་བྱས་ཏེ་གཉིས་ཕན་ཤུགས་ཆེར་གཏོང་བའི”ཡན་ལག་གླེང་སྟེགས་ཐོག་གོང་གསལ་ལྟར་བརྗོད་པ་རེད།

མིག་སྔར་ཆ་འཕྲིན་ལག་རྩལ་མཚོན་བྱེད་དུ་བྱེད་པའི་རེས་སྐོར་གསར་པའི་ཚན་རྩལ་དང་ཐོན་ལས་གསར་བརྗེ་ཐོན་འགོ་ཚུགས་བཞིན་ཡོད་པས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་འཕོ་འགྱུར་དང་། ལས་ཕྱོད་འཕོ་འགྱུར། སྒུལ་ནུས་འཕོ་འགྱུར་བཅས་ཐད་སྐུལ་འདེད་ཆེན་པོ་ཐེབས་ནས་གསར་གཏོད་རྣམ་པའི་འཛམ་གླིང་དཔལ་འབྱོར་སྐྲུན་པ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཆེད་སྒུལ་ཤུགས་གསར་པ་སྣོན་པའི་དངོས་ཡོད་དགོས་མཁོར་གྱུར་བ་མ་ཟད། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་ནས་དཔལ་འབྱོར་གོ་ལ་ཅན་དུ་སྐུལ་འདེད་གཏོང་བའི་ལྡོག་མེད་གདམ་གར་ཡང་གྱུར་ཡོད།

རེས་སྐོར་དེའི་གྲངས་འཛིན་དཔལ་འབྱོར་གྱི་རླབས་རྒྱུན་ཁྲོད་ཀྲུང་གོར་གྲུབ་འབྲས་ཡག་པོ་ཐོབ་ཡོད། ཉེ་བའི་ལོ་ཤས་རིང་ཀྲུང་གོས་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་འཐབ་ཇུས་དང་། རྒྱལ་ཁབ་ཀྱི་གྲངས་གཞི་ཆེ་མོའི་འཐབ་ཇུས། “དྲ་སྦྲེལ+”བྱ་སྤྱོད་འཆར་གཞི་བཅས་ལག་ལེན་ཤུགས་ཆེན་བསྟར་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2016ལོར་ཀྲུང་གོའི་གྲངས་འཛིན་དཔལ་འབྱོར་གྱི་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི22ལས་བརྒལ་ནས་བསྡོམས་འབོར་གོ་ལ་ཧྲིལ་པོའི་ཨང་གཉིས་པར་སླེབས་ཏེGDPཡི་བསྡུར་ཚད30%ལས་བརྒལ་ཡོད།

ཀྲུང་གོའི་གྲངས་འཛིན་དཔལ་འབྱོར་གྱི་འཕེལ་རྒྱས་ལས་གོ་ལ་ཧྲིལ་པོ་ཅན་གྱི་སྒོ་དབྱེ་མཉམ་སྤྱོད་དང་མཉམ་ལས་གཏིང་ཟབ་བྱ་རྒྱུར་སྐུལ་མ་ཐེབས་ཡོད། འདས་མ་ཐག་པའི་ཨ་ལི་པ་པའི“བཅུ་གཅིག་པའི་ཚེས་བཅུ་གཅིག”གི་ཟོག་ཉོའི་དུས་ཆེན་ནང་ཉིན་གང་གི་ཚོང་འགྲིག་ཚད་སྒོར་དུང་ཕྱུར1682ཟིན་ནས་ཉིན་རྐྱང་པར་གཏོང་སྤྲོད་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར14.8ལས་བརྒལ་ནས་ཉོ་ཚོང་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ225ལ་ཁྱབ་ཡོད།

ཨ་ལི་པ་པ་ཚོགས་པའི་དབུ་བཞུགས་ལག་བསྟར་དཔོན་ཀྲང་ཡུང་གིས“གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་ལས་དྲ་སྦྲེལ་གྱི་ཁ་གསལ་གཏིང་གསལ་རང་བཞིན་དང་དབྱེ་མཚམས་མེད་པའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་དང་ཆབས་ཅིག་སྒུལ་བདེ་གཏོང་སྤྲོད་དང་སྒུལ་བདེ་དངུལ་རྩ་སོགས་ཀྱི་སྒྲིག་ཆས་སྤྱོད་པ་དེས་ཀྲུང་གོ་ཁོ་ནར་སྟབས་བདེ་སྐྲུན་པ་ཙམ་མ་ཟད། གོ་ལ་ཧྲིལ་པོར་དེ་བས་ཀུན་ཕན་དང་དེ་བས་མཉམ་འདྲེས་ཐུབ་ཡོད”ཅེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།