ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལུགས་གསར་ལོ་སར་ལ་ཤིས་ཚིག་ཕུལ་བར་ཤུགས་རྐྱེན་ཆེན་པོ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉིས་སྟོང་བཅོ་བརྒྱད་ལོའི་ལུགས་གསར་ལོ་སར་གྱི་སྔོན་ཏག་ཏག་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལུགས་གསར་ལོ་སར་ལ་ཤིས་ཚིག་ཕུལ་ཏེ། འདས་པའི་ལོ་གཅིག་གི་ནང་རང་རྒྱལ་འཕེལ་རྒྱས་ཀྱི་འོད་སྟོང་འབར་བའི་གྲུབ་འབྲས་ཕྱིར་དྲན་བྱས་ཤིང་ལོ་གསར་བའི་བྱ་བ་གཙོ་བོར་རྒྱང་ལྟ་བྱས་པ་དང་མི་དམངས་མང་ཚོགས་ཀྱི་བསམ་ཚུལ་ཡིད་ལ་བརྟན་པོར་བཅངས། ཤིས་ཚིག་ནང་དུ་དམངས་ཀྱི་དོན་དུ་བརྩེ་སེམས་བཅངས་པ་དང་དུས་རབས་ཀྱི་སྙིང་སྟོབས་ཆེར་བསྐྱེད་བྱས་ཤིང་རྒྱལ་དམངས་དུང་ཕྱུར་མང་པོར་སྐུལ་མ་བཏང་ཡོད་པས། ཚང་མས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ནི་མི་སེམས་ལ་དྲོད་ཁོལ་སྐྱེལ་བའི་ལོ་སར་གྱི་སྔོན་འགྲོའི་རོལ་དབྱངས་ཡིན་པ་དང་། མི་སེམས་སྐུལ་བའི་འབད་འཐབ་ཀྱི་དབྱངས་རྟ་སྙན་མོ་ཡིན་ཞེས་བཤད།

ཉིས་སྟོང་བཅུ་བདུན་ལོར་མི་དམངས་མང་ཚོགས་ལ་སྔར་ལས་མང་པོའི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སྣང་། བདེ་འཇགས་ཚོར་སྣང་ཡོད། རྒྱལ་ས་པེ་ཅིན་དུ་མང་ཚོགས་ཆིག་སྟོང་ལྷག་གིས་ལུགས་གསར་ལོ་སར་ལ་བསུ་མ་བྱས་པ་དང་། མེས་རྒྱལ་དུས་རབས་གསར་བར་ཞུགས་པ་དང་བགྲོད་ལམ་གསར་བར་སྐྱོད་མགོ་བརྩམས་པར་རྟེན་འབྲེལ་ཞུས།

ཧྲང་ཧེ་གྲོང་ཁྱེར་དུ་ཚང་མས་དར་གོས་ཚོང་ལམ་སོགས་རྒྱུད་གཅིག་ལམ་གཅིག་རྒྱུ་ཆ་ལུགས་གསར་ལོ་སར་བསུ་བའི་སྟེགས་བུའི་སྟེང་དུ་མཉམ་བསྲེས་བྱས་ཏེ། རང་རྒྱལ་གྱིས་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་པ་གསར་སྐྲུན་བྱེད་པའི་གྲོས་མགོ་བཏོན་པ་དང་དུས་རབས་གསར་བར་བྱས་རྗེས་བཞག་པའི་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལ་གཟེངས་བསྟོད་བྱས།

ཉིས་སྟོང་ཉི་ཤུ་ལོའི་བར་དུ་རང་རྒྱལ་གྱིས་ད་ལྟ་ལག་བསྟར་བྱེད་པའི་ཚད་གཞི་ལྟར། ཞིང་སྡེའི་དབུལ་ཕོངས་མི་གྲངས་དབུལ་ཐར་བྱེད་རྒྱུ་ནི་ང་ཚོའི་ཁས་བླངས་པའི་དམ་བཅའ་ཡིན།

ཉིས་སྟོང་བཅོ་བརྒྱད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་མགོ་རྩོམ་པའི་ལོ་ཡིན་པ་དང་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུ་ལོན་པར་བསུ་མ་བྱེད་པའི་ལོ་ཡིན། ང་ཚོས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ཡོང་བར་བྱེད་པ་དང་། རླབས་ཆེན་ཕུགས་འདུན་སྟོང་ཟད་དུ་མི་གཏོང་བ་དང་རླབས་ཆེན་དུས་རབས་སྟོང་ཟད་དུ་མི་གཏོང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།