ཀྲུང་གོ་བོད་ཀྱི་དྲ་བ།

པེ་ཅིང་གིས་རྒྱལ་ཡོངས་ཀྱི《ཕྱི་རྒྱལ་གྱི་རྩེར་སོན་ཤེས་ལྡན་པ་གཏན་འཁེལ་ཡི་གེ》ཐོག་མ་བཏང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་ཀྱི་ཁག་དང་པོའི་ཚོད་ལྟའི་ཞིང་ཆེན་དང་གྲོང་ཁྱེར9ཡི་གྲས་ཤིག་ཡིན་པའི་པེ་ཅིང་གིས2018ལོའི་ཟླ1ཚེས1ཉིན་ནས་བཟུང་། ཕྱི་རྒྱལ་གྱི་ཤེས་ལྡན་པའི་འཐུས་མཆན་ལག་ཁྱེར་ལམ་ལུགས་ལག་བསྟར་བྱེད་འགོ་བཙུགས་པ་རེད། ཟླ1ཚེས2ཉིན་པེ་ཅིང་གྲོང་ཁྱེར་གྱི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་ཅུས་ཀྱིས་རྒྱལ་ཡོངས་ཀྱི་《ཕྱི་རྒྱལ་གྱི་རྩེར་སོན་ཤེས་ལྡན་པ་གཏན་འཁེལ་ཡི་གེ་》ལ་ཐོག་མར་འཐུས་མཆན་བཀོད་ཅིང་། རེ་ཞུ་བྱེད་མཁན་གྱིས་ཡི་གེ་དེར་གཞིགས་ཏེ་ཕྱི་རྒྱལ་དུ་བཅའ་སྡོད་ཁེ་སྐྱོང་ཁང་ལ་ལོ5ནས10བར་གོ་ཆོད་པ་དང་། རྒྱལ་མཚམས་ནང་ཐེངས་མང་འཛུལ་རྒྱུ་ཡོད་པ། ཐེངས་རེར་ཉིན180སྡོད་ཆོག་པ་བཅས་ཀྱི་ཤེས་ལྡན་པའི་འཐུས་མཆན་ལག་ཁྱེར་གཉེར་རེ་ཞུ་ཆོག དུས་མཚུངས་སུ་དེའི་བཟའ་ཟླ་དང་ན་སོ་དར་ལ་མ་བབ་པའི་བུ་ཕྲུག་ལའང་གོ་ཆོད་དུས་ཚོད་གཅིག་མཚུངས་དང་རྒྱལ་མཚམས་ནང་ཐེངས་མང་འཛུལ་རྒྱུ་ཡོད་པའི་དེ་མཚུངས་ཀྱི་འཐུས་མཆན་ལག་ཁྱེར་ཐོབ་རྒྱུ་རེད།

དེ་བས་དགེ་མཚན་ལྡན་པ་དང་། དེ་བས་སྒོ་དབྱེ། དེ་བས་ནུས་ལྡན་བཅས་ཀྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཤེས་ལྡན་པའི་སྲིད་ཇུས་བླང་བྱ་གཞིར་བཟུང་། ཤེས་ལྡན་པའི་འཐུས་མཆན་ལག་ཁྱེར་སྤྲོད་པའི་ཁྱབ་ཁོངས་སྔར་བས་ཆེ་རུ་དང་དུས་བཀག་སྔར་བས་རིང་དུ་བཏང་མེད། རྒྱལ་ཁབ་ཀྱི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་ཅུས་དང་། ཕྱི་འབྲེལ་པུའུ། སྤྱི་བདེ་པུའུ་བཅས་ཀྱིས་ཉེ་ཆར་《ཕྱི་རྒྱལ་གྱི་ཤེས་ལྡན་པའི་འཐུས་མཆན་ལག་ཁྱེར་ལམ་ལུགས་ལག་བསྟར་བྱ་ཐབས་》མཉམ་འབྲེལ་ཐོག་བཀྲམ་པ་རེད།

《ལག་བསྟར་བྱ་ཐབས་》ནང་ཤེས་ལྡན་པའི་འཐུས་མཆན་ལག་ཁྱེར་སྤྲོད་པའི་ཁྱབ་ཁོངས་ཁ་གསལ་བཏོན་པ་སྟེ། 《ཕྱི་རྒྱལ་བས་རང་རྒྱལ་དུ་ལས་ཀ་བྱེད་པར་ཡོང་བའི་ཐད་ཀྱི་རིགས་དབྱེ་ཚད་གཞི་(ཚོད་ལྟའི་ལག་ལེན)》ཁྲོད་ཀྱི་ཕྱི་རྒྱལ་གྱི་རྩེར་སོན་ཤེས་ལྡན་པའི་ཚད་གཞིའི་ཆ་རྐྱེན་དང་མཐུན་པ་དང་། “རིམ་པ་མཐོ་རིགས་དང་། ལེགས་རིགས། རྩེར་སོན་རིགས། དཀོན་རིགས”དང་ཁྲོམ་རའི་དགོས་མཁོ་ཕྱོགས་སྟོན་དུ་བྱས་པའི་ཚན་རིག་མཁས་ཅན་དང་། ཚན་རྩལ་གྱི་སྣེ་ཁྲིད་ཤེས་ལྡན་པ། རྒྱལ་སྤྱིའི་ཁེ་ལས་མཁས་ཅན། ཆེད་དམིགས་ཤེས་ལྡན་པ། རྩལ་ནུས་ཆེ་བའི་ཤེས་ལྡན་པ་སོགས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པའི་ཕྱི་རྒྱལ་གྱི་མཐོ་རིམ་ཤེས་ལྡན་པ་དང་དགོས་མཁོ་ཤིན་ཏུ་ཆེ་ལ་དཀོན་པའི་ཤེས་ལྡན་པ་བཅས་ཚང་མས་ཤེས་ལྡན་པའི་འཐུས་མཆན་ལག་ཁྱེར་གཉེར་རེ་ཞུ་ཆོག ཕྱི་རྒྱལ་གྱི་རྩེར་སོན་ཤེས་ལྡན་པའི་ཚད་གཞི་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཤེས་ལྡན་མི་སྣའི་ཐོན་ཁུངས་ཀྱི་དགོས་མཁོའི་གནས་ཚུལ་ལ་གཞིགས་ནས་སྟབས་བསྟུན་ལེགས་སྒྲིག་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།