ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཕྱི་རྒྱལ་ལ་འཚམས་འདྲི་བྱས་ཚར་རྗེས་ཕྱིར་པེ་ཅིན་དུ་ཐོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཁམ་ཕུ་ཁྲེའི་ཅིན་པེན་ནས་བསྡུས་པའི་རྫ་ཆུ་དང་མེ་ཀུང་ཆུ་བོའི་མཉམ་ལས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པ་དང་། ཁམ་ཕུ་ཁྲེ་ལ་དངོས་གཞིའི་འཚམས་འདྲི་བྱས་རྗེས། ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་ཆེད་བཏང་གནམ་གྲུར་བཞུགས་ནས་ཕྱིར་པེ་ཅིན་དུ་ཐོན།

ཅིན་པེན་ནས་རྫ་ཆུ་དང་མེ་ཀུང་ཆུ་བོའི་མཉམ་ལས་གྲོས་ཚོགས་སུ་ཞུགས་སྐབས། ལིས་ཁི་ཆང་གིས་ཕྱོགས་སོ་སོས་འདྲ་མཉམ་དང་བཟོད་སྒོམ། དངོས་གཉེར་བཅས་རྫ་ཆུ་དང་མེ་ཀུང་ཆུ་བོའི་མཉམ་ལས་སྙིང་སྟོབས་འདོན་སྤེལ་བྱས་ནས། རྫ་ཆུ་དང་མེ་ཀུང་ཆུ་བོའི་བཞུར་རྒྱུན་གྱི་དཔལ་འབྱོར་འཕེལ་རྒྱས་ས་ཁུལ་འཛུགས་སྐྲུན་བྱེད་པ་དང་། རྫ་ཆུ་དང་མེ་ཀུང་ཆུ་བོའི་ས་ཁུལ་གྱི་རྒྱལ་ཁབ་ཀྱི་ལས་དབང་གཅིག་པའི་ཚོགས་པ་འཛུགས་སྐྲུན་བྱེད་དགོས་པའི་རེ་བ་བཏོན། གྲོས་ཚོགས་སྟེང་རྫ་ཆུ་དང་མེ་ཀུང་ཆུ་བོའི་མཉམ་ལས་ཀྱི་ལོ་ལྔའི་འགུལ་སྐྱོད་འཆར་འགོད་གཏན་འཁེལ་བྱས་པ་དང་། འགོ་ཚུགས་ས་གསར་བ་ནས་མཉམ་ལས་བྱེད་པའི་མ་འོངས་པ་ཇུས་འགོད་བྱས།

ཁམ་ཕུ་ཁྲེ་ལ་འཚམས་འདྲི་བྱེད་སྐབས། ལིས་ཁི་ཆང་གིས་གསུངས་རྒྱུར། ཁམ་ཕུ་ཁྲེའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། དམངས་ཚིས་ལེགས་བཅོས་བྱེད་པ་སོགས་ཐད་ནས་མུ་མཐུད་དུ་རོགས་རམ་བྱེད་རྒྱུ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པ་དང་བསྟུན་ནས་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། གཉིས་ཕན་མཉམ་རྒྱལ་སྔར་ལས་མངོན་འགྱུར་བྱེད་དགོས་ཟེར། ཕྱོགས་གཉིས་ཀྱིས་མཉམ་ལས་ཡིག་ཆ་བཅུ་དགུ་བཀོད་པར་མ་ཟད། མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཁམ་ཕུ་ཁྲེའི་འཐབ་ཇུས་དོན་སྙིང་ལྡན་པའི་ལས་དབང་གཅིག་པའི་ཚོགས་པ་འཛུགས་སྐྲུན་བྱེད་རྒྱུ་ཁྱབ་སྒྲོག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།