ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་བཅུ་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། འདས་པའི་ལོ་གཅིག་གི་ནང་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་སྤྱིར་བཏང་དུ་བརྟན་འཇགས་ཡིན་པར་མ་ཟད་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བ་སྲུང་འཛིན་བྱེད་པ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་མཐུན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་རེ་སྒུག་བྱེད་པའི་དོན་དག་ཅིག་ཡིན། ཕྱོགས་གཉིས་ཀྱིས་མཐོ་རིམ་འགོ་ཁྲིད་པ་དང་རིམ་པ་སོ་སོའི་འབྲེལ་འདྲིས་དང་འགྲོ་འོང་སྲུང་འཛིན་བྱེད་དགོས་པ་དང་། མཐོ་རིམ་གྲོས་མོལ་རྐྱེན་སྲོལ་བཞི་ཡི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པར་མ་ཟད་དུས་ཡུན་འོས་འཚམ་ཞིག་ལ་སྐོར་ཐེངས་གཉིས་པའི་གྲོས་མོལ་བསྡུ་དགོས། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ངོ་མ་བསྐྲུན། ཕྱོགས་གཉིས་ཀྱིས་འཛུགས་སྐྲུན་རང་བཞིན་གྱི་རྣམ་པར་བརྟེན་ནས་ཕན་ཚུན་ལ་ཚོང་རའི་སྒོ་མོ་ཡངས་པར་ཕྱེས་པ་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་ལ། ཕྱོགས་གཉིས་ཀྱིས་སེམས་ཁུར་བྱེད་པའི་དཔལ་འབྱོར་ཉོ་ཚོང་གནད་དོན་འོས་འཚམ་སྒོས་ཐག་གཅོད་དགོས་པ་དང་། ཧུར་ཐག་སྒོས་དམག་དཔུང་གཉིས་དང་དུག་འགོག མི་གཞུང་། ས་གནས་སོགས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས། རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ནས་འབྲེལ་འདྲིས་དང་མཐུན་སྦྱོར་དམ་པོ་བྱེད་དགོས། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་དང་མཉམ་ལས་གཅིག་སྡུད་བྱེད་པ་དང་། འཛུགས་སྐྲུན་རང་བཞིན་གྱི་རྣམ་པར་བརྟེན་ནས་གནད་དོན་གཙོ་བོ་ཐག་གཅོད་པ་དང་། ཕན་ཚུན་གྱི་ཁེ་ཕན་ལ་བརྩི་འཇོག་བྱེད་པར་མ་ཟད་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྲུང་སྐྱོབ་བྱེད་དགོས་ཟེར།

ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་བ་དང་ཨ་མེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་འགོ་ཁྲིད་པ་དང་རིམ་པ་སོ་སོའི་འགྲོ་འོང་ལ་ཤུགས་སྣོན་ཞིང་དངོས་གཉེར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་ཁྲོད་དུ་གནས་པའི་གནད་དོན་ཐག་གཅོད་བཟང་བོ་བྱས་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་དེང་སྐབས་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་སྐོར་གྱི་ལྟ་ཚུལ་མཚམས་སྦྱོར་བྱས་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཨ་མེ་རི་ཁ་དང་བཅས་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འབྲེལ་འདྲིས་དམ་པོ་བྱེད་པ་དང་ཕན་ཚུན་ལ་ཡིད་ཆེས་དང་ཕན་ཚུན་ལ་བརྩི་འཇོག མཉམ་ལས་ལ་ཤུགས་བསྣན་ཏེ། ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་འོས་འཚམ་སྒོས་ཐག་བཅད་ནས་གྲུབ་འབྲས་མངོན་གསལ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཐི་ཕིང་ཕུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཐད་ལ་ནུས་པ་ཆེན་པོ་འདོན་པར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་མུ་མཐུད་དུ་ཀྲུང་གོར་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་འདོད་ཡོད་ཟེར། 
 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།