ཀྲུང་གོ་བོད་ཀྱི་དྲ་བ།

སྣོད་བཅུད་ཁོར་ཡུག་པུས་བརྡ་ཐོ་བཏང་ནས་ཁོར་ཡུག་བདེ་འཇགས་འགན་ལེན་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ།

ཡོང་ཁུངས། : ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།     སྤེལ་དུས། : 2018-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དྲག་ཆར་དང་། ཆུ་ལོག འདམ་རྡོའི་ཆུ་རུད་སོགས་རང་བྱུང་གནོད་འཚེ་བསྐྱར་ཐོན་གྱི་ཐོལ་བྱུང་གི་ཁོར་ཡུག་གནད་དོན་ལ་དོགས་ཟོན་ནུས་ལྡན་དང་ཁ་གཏད་འོས་འཚམ་གཅོག་ཆེད། སྣོད་བཅུད་ཁོར་ཡུག་པུས་ཉེ་དུས་བརྡ་ཐོ་བཏང་ནས་འགན་འཁྲིའི་འདུ་ཤེས་ཟབ་ཏུ་དང་མཐའ་ཚད་ཀྱི་བསམ་གཞིག་སྔར་བས་ཆེ་རུ་བཏང་སྟེ་ཁོར་ཡུག་བདེ་འཇགས་འགན་ལེན་གྱི་ལས་དོན་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་དོགས་ཟོན་བྱེད་པ་དང་། ཁོར་ཡུག་གི་ཉེན་ཁ་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། ཉིང་རྡུལ་དང་འགྱེད་འཕྲོའི་བདེ་འཇགས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། འགན་འཁྲིའི་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་པ་བཅས་བྱས་ཏེ་ཁོར་ཡུག་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

སྣོད་བཅུད་ཁོར་ཡུག་པུས་ས་གནས་ཁག་ལ་འགན་འཁྲི་དོན་འཁྱོལ་བྱས་ཏེ་ཐོལ་བྱུང་གི་ཁོར་ཡུག་གནད་དོན་ཚབས་ཆེན་དང་ཧ་ཅང་ཆེན་པོ་ཐོན་རྒྱུར་དོགས་ཟོན་དང་བཀག་འགོག་བྱེད་དགོས། མིག་སྔའི་ཐོལ་བྱུང་གི་ཁོར་ཡུག་གནད་དོན་གྱི་དོགས་ཟོན་ལས་དོན་ལ་སྐུལ་སློང་དང་བཀོད་སྒྲིག་སླར་ཡང་བྱས་ཏེ་འཕྲལ་སྡོམ་སྔོན་ཇུས་ཀྱི་བླང་བྱ་གཞིར་བཟུང་བྱེད་ཐབས་ཁག་དོན་འཁྱོལ་བྱེད་པ་དང་འཕྲལ་སྡོམ་གྲ་སྒྲིག་ཡག་པོ་བྱས་ནས་མི་སྣ་དང་། སྒྲིག་ཆས། དངོས་ཟོག་དམིགས་སར་བཀོད་གཏོང་སོགས་བྱས་ཏེ་ཐོལ་བྱུང་གི་ཁོར་ཡུག་གནད་དོན་ལ་ཁ་གཏད་གཅོག་ནུས་ཆེ་རུ་གཏོང་བ་དང་ཐོལ་བྱུང་གི་ཁོར་ཡུག་གནད་དོན་ཚབས་ཆེན་དང་ཧ་ཅང་ཆེན་པོར་དོགས་ཟོན་དང་བཀག་འགོག་བྱེད་དགོས་པ་དང་།

སྔོན་བརྡ་གཏོང་ཤུགས་ཆེ་རུ་བཏང་ནས་ཐོལ་བྱུང་གི་ཁོར་ཡུག་གནད་དོན་གྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱེད་དགོས། ཆུ་རྒྱས་ཚུལ་དང་གནོད་འཚེའི་གནད་དོན་ལ་དོ་ཁུར་དམ་ཟབ་བྱས་ཏེ་གནམ་གཤིས་དང་། ཆུ་བེད། ས་ཡོམ། ས་གཤིས་ཀྱི་གནོད་འཚེ་སོགས་སྡེ་ཚན་གྱིས་སྔོན་དཔག་དང་སྔོན་བརྡའི་ཕན་འབྲས་གང་ལེགས་སྤྱད་དེ་ཆ་འཕྲིན་དུས་ཐོག་ཏུ་མཉམ་སྤྱོད་དང་དུས་མཚུངས་སུ་འཕྲལ་སྡོམ་མཉམ་འགུལ་ཐུབ་པ་བྱེད་དགོས་པ།

གཙོ་གནད་ཐོག་དོགས་ཟོན་བྱས་ནས་ཁེ་ལས་ཀྱི་ཁོར་ཡུག་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་དགོས། སྲིད་འཛིན་ས་ཁོངས་ནང་གི་ཐོལ་བྱུང་གི་ཁོར་ཡུག་གནད་དོན་གྱི་ཉེན་ཁའི་གནས་ཚུལ་དང་གནམ་གཤིས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ཉེན་ཡོད་རྫས་འགྱུར་དངོས་རྫས་ཐོན་སྐྱེད་དང་། བེད་སྤྱོད། གསོག་འཇོག་བཅས་ཚན་པ་དང་། སྣུམ་རླངས་སྐྱེལ་འདྲེན་གློག་སྐུད་དང་ལྕགས་མདོང་དང་གཏེར་སྙིགས་གསོག་མཛོད་ཁེ་ལས། དམངས་སྤྱོད་ཉིང་རྡུལ་སྒྲིག་ཆས་དང་། ཉིང་རྡུལ་ལག་རྩལ་སྤྱོད་མཁན་ཚན་པ་སོགས་ཉེན་ཁ་ཆེ་བའི་ཁེ་ལས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་ཀྱིས་ཁོར་ཡུག་བདེ་འཇགས་གི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་གི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ།

ཚན་རིག་དང་མཐུན་ལ་འཐུས་སྒོ་ཚང་བའི་ངང་ཐོལ་བྱུང་གི་ཁོར་ཡུག་གནད་དོན་གྱི་འཕྲལ་སྡོམ་ཐག་གཅོད་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། འཕྲལ་སྡོམ་ལས་རེས་ལ་ཤུགས་སྣོན་བརྒྱབ་ནས་འགོ་ཁྲིད་ཀྱིས་ལས་སྣེ་འཁྲིད་པ་དང་ཆེད་མིས་ལས་རེས་བྱེད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་འཕྲིན་གཏོང་དང་དྲ་བ་ཤར་གཏོང་ཐུབ་པ་བྱེད་དགོས། གནད་དོན་ཐག་གཅོད་བྱེད་པའི་བརྒྱུད་རིམ་ནང་རིགས་གཅིག་མཁས་ཅན་དང་ཆེད་ལས་རོགས་སྐྱོབ་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཞིབ་དཔྱད་ཚད་ལེན་དང་དཔྱད་གདེང་ཡང་དག་གིས་གནམ་གཤིས་དང་ཆུ་བེད་སོགས་རྒྱུ་རྐྱེན་ཐབས་ཇུས་བསམ་གཞིག་ཁྱབ་ཁོངས་ནང་བཅུག་ནས་དྲག་ཆར་བབས་པ་ལས་བཟོས་པའི་མེ་ཟོན་བཙོག་ཆུ་འཕྱུར་རྒྱུག་སོགས་ཀྱི་གནད་དོན་ལ་དོགས་ཟོན་བྱས་ཏེ་ཚན་རིག་དང་མཐུན་པའི་བྱེད་ཐབས་སྤྱོད་པ་དང་གོ་རིམ་ལྡན་པའི་ངང་ཁ་གཏད་ནུས་ལྡན་བཅག་སྟེ་ཐོལ་བྱུང་གི་ཁོར་ཡུག་གནད་དོན་གྱི་གྱོང་གུན་དང་ཤུགས་རྐྱེན་ཚད་གཞི་དམའ་ཤོས་སུ་སླེབས་པ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།