ཀྲུང་གོ་བོད་ཀྱི་དྲ་བ།

ཙུང་ལི་ལིས་ཁི་ཆང་དང་སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་གཉིས་ཀྱིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་འཁོར་བཅོ་ལྔ་ལོན་པར་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་ནས། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་འཁོར་བཅོ་ལྔ་ལོན་པར་དྲན་གསོ་ཞུས།

ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཉིས་སྟོང་གསུམ་ལོར། ཀྲུང་གོ་སྔོན་ལ་ཨེ་ཤ་ཡ་ཤར་ལྷོའི་མཛའ་མཐུན་མཉམ་ལས་ཆིངས་ཡིག་ཁྲོད་ཞུགས་པར་མ་ཟད། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་དུ་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པའི་རྒྱལ་ཁབ་ཐོག་མར་གྱུར། ལོ་བཅོ་ལྔའི་རིང་ལ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཐུན་མོང་འབད་བརྩོན་འོག་ཏུ། ཕྱོགས་གཉིས་ཀྱི་འབྲེལ་བ་བདེ་ཐང་དང་གཏན་འཇགས་ངང་གོང་འཕེལ་དུ་སོང་བ་དང་། ཆབ་སྲིད་ཐད་ཀྱི་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་སོང་ལ། འབྱོར་འཚོང་འབྲེལ་བ་ཉིན་རེ་བཞིན་ཇེ་དམ་དུ་སོང་ཞིང་། གཉིས་ཕན་མཉམ་ལས་གྲུབ་འབྲས་གཡུར་དུ་ཟ་བ་དང་། མི་ཆོས་བརྗེ་རེས་ཚ་ཚ་འུར་འུར་དུ་སྤེལ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བ་གོང་འཕེལ་དུ་སོང་བ་དེས་ཕྱོགས་གཉིས་ཀྱི་མི་དམངས་དུང་ཕྱུར་ཉི་ཤུ་ལ་ཁེ་ཕན་ངོ་མ་བསྐྲུན་ནས། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་གཏན་འཇགས་དང་དར་རྒྱས་ལ་ཡར་སྐུལ་བྱས་ཡོད། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བ་སྤུས་འདེགས་རིམ་འཕར་གྱི་དུས་སྐབས་སུ་སླེབས་ཡོད་པ་དང་། འཕེལ་རྒྱས་ཀྱི་གོ་སྐབས་གསར་པར་འཕྲད་ཡོད། ཀྲུང་གོས་དུས་གཏན་དུ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དེ་མཐའ་འཁོར་ཕྱི་ཕྱོགས་འབྲེལ་བའི་དམིགས་བསལ་ཁ་ཕྱོགས་སུ་བརྩིས་ཡོད་ལ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་དུ་ཐུན་མོང་འཕེལ་རྒྱས་དང་ཞི་བདེ་མཉམ་བསྐྲུན།སྒོ་འབྱེད་མཉམ་རྒྱལ། གསར་སྤེལ་གསར་གཏོད། དཀྱེལ་ཡངས་སློབ་སྦྱོང་བཅས་ཀྱི་གྲོགས་པོ་བཟང་པོ་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་པ་དང་། འབྲེལ་བ་སྔར་ལས་དམ་པའི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པ་བསྐྲུན་ནས། ཕྱོགས་གཉིས་ཀྱི་འབྲེལ་བའི་སྔར་ལས་འོད་སྟོང་འབར་བའི་མ་འོངས་པ་མཉམ་སྐྲུན་བྱེད་འདོད་ཡོད་ཟེར།

ལིས་ཞན་ལུང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ནི་སྟོབས་ལྡན་དང་དངོས་གཉེར། གཉིས་ཕན་བཅས་ཀྱི་འབྲེལ་བ་ཡིན། ལོ་ངོ་བཅོ་ལྔའི་རིང་ལ། ཆབ་སྲིད་བདེ་འཇགས་དང་འབྱོར་འཚོང་། སྤྱི་ཚོགས་མི་ཆོས་བཅས་རྐང་འཛིན་ཆེན་པོ་གསུམ་ལ་་འབྲེལ་ནས། ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་ཟབ་ཚད་དང་ཡངས་ཚད་རྒྱུན་ཆད་མེད་པར་ཇེ་ཆེར་སོང་ཡོད། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོས་མཉམ་འབྲེལ་མཉམ་འདྲེས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད་པ་དང་། ཉིས་སྟོང་ཉེར་ལྔ་ལོའི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་འབྲེལ་མཉམ་འདྲེས་སྤྱིའི་འཆར་འགོད་དང་རྒྱུད་གཅིག་ལམ་གཅིག་གི་གྲོས་གི་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་བཞིན་ཡོད། ང་ཚོས་ཕྱོགས་གཉིས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་ཉེར་གཅིག་པའི་སྟེང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འཐུབ་ཇུས་གྲོགས་པོའི་འབྲེལ་བའི་ཉིས་སྟོང་སུམ་ཅུ་ལོའི་དམིགས་འབེན་ལ་གྲོས་འཆམ་བྱུང་ནས། ཕྱོགས་གཉིས་ཀྱི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་ཁ་ཕྱོགས་གསལ་པོ་སྟོན་པར་རེ་སྒུག་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།