ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཀྲང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10བའི་ཚེས19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲིར་ཕབས་པའི་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཀྲང་ཧྲའོ་དབྱི་ཀུའུ་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་དགུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲིར་ཕབས་པའི་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཀྲང་ཧྲའོ་དབྱི་ཀུའུ་ལ་མཇལ་འཕྲད་གནང་།

ཧྲའོ་དབྱི་ཀུའུ་ཡིས་ཐོག་མར་ཙུང་ཐུང་ཕུའུ་ཅིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བསྐུར་བའི་འཚམས་འདྲི་བརྒྱུད་སྒྲོག་བྱས། ཞི་ཅིན་ཕིང་གིས་བཀའ་དྲིན་ཞུས་པར་མ་ཟད། ཧྲའོ་དབྱི་ཀུའུ་ཡིས་ཁོང་གིས་ཙུང་ཐུང་ཕུའུ་ཅིན་ལ་གནང་བའི་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བརྒྱུད་སྒྲོག་བྱེད་རྒྱུའི་རེ་བ་བཏོན།

ཞི་ཅིན་ཕིང་གིས་གསུང་རྒྱུར། ད་ལོར། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་པ་དང་། ཕྱོགས་གཉིས་ཀྱི་ཆབ་སྲིད་ཡིད་རྟོན་ཆེས་མཐོ་བའི་ཆུ་ཚད་ལ་སླེབས། ཉེ་བའི་ཟླ་ལྔ་བའི་རིང་ལ། ང་དང་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་གྲོས་མོལ་ཐེངས་གསུམ་ལ་སྤེལ་བ་དང་། དེས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་ཆུ་ཚད་མཐོ་བ་དང་དམིགས་བསལ་རང་བཞིན་མཚོན་ཡོད། ཕྱོགས་གཉིས་ཀྱིས་ཕན་ཚུན་ཆེས་གལ་ཆེ་བའི་འཐབ་ཇུས་གྲོགས་པོ་དང་ཕྱི་འབྲེལ་ཁ་ཕྱོགས་བཟང་བོར་བརྩི་བ་རྒྱུན་འཁྱོངས་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ལ། རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ཏེ། འཛམ་གླིང་ཞི་བདེ་གཏན་འཇགས་ལ་སྐུལ་འདེད་གཏོང་བ་དེ་གནད་འགག་གི་རྒྱུ་རྐྱེན་དང་འཛུགས་སྐྲུན་རང་བཞིན་གྱི་སྟོབས་ཤུགས་སུ་གྱུར་བ་མ་ཟད། རྒྱལ་ཁབ་ཆེན་པོ་དང་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་འབྲེལ་བའི་དཔེ་མཚོན་དུ་གྱུར། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཨུ་རུ་སི་དང་མཉམ་དུ། སང་ལོའི་ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་གོ་སྐབས་བེད་སྤྱོད་གང་ལེགས་བྱས་ནས། ཁྱོན་ཡོངས་ཀྱི་མཉམ་ལས་དང་ཕན་ཚུན་རྒྱབ་སྐྱོར་ལ་ཤུགས་བསྣོན་པ་དང་། ཀྲུང་གོ་དང་ཨུ་རུ་སིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་ཁེ་སྔར་ལས་མང་པོ་སྐྲུན་རྒྱུ་ཡིན་ཟེར།

ཞི་ཅིན་ཕིང་གིས་གསུང་རྒྱུར། ཀྲུང་གོ་དང་ཨུ་རུ་སིའི་དམག་དཔུང་གི་འབྲེལ་བ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆུ་ཚད་མཐོ་བ་དང་དམིགས་བསལ་རང་བཞིན་ལྡན་པའི་མཚོན་རྟགས་གལ་ཆེན་ཡིན་ལ། འཐབ་ཇུས་མཉམ་ལས་ཀྱི་ཁྱད་ཆོས་དང་འདེགས་སྐྱོར་གལ་ཆེན་ཡིན། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་མཉམ་འབྲེལ་དམག་སྦྱོང་དང་དངོས་འཐབ་སྦྱོང་བརྡར། དམག་དོན་འགྲན་བསྡུར་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་སྤེལ་ནས། གྲུབ་འབྲས་མང་པོ་བླངས་པ་དང་། ཕྱོགས་གཉིས་ཀར་ཕན་ཁེ་བསྐྲུན། རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་ཐུན་མོང་གི་བདེ་འཇགས་ལ་འཇིགས་སྐུལ་ཐེབས་པར་ཁ་གཏད་འཇལ་བ་དང་རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་མི་རིགས་དར་སྤེལ་ཐད་ཕན་པ་ཡོད་པའི་ཕྱིའི་ཁོར་ཡུག་སྐྲུན་པར་དམིགས་ནས། མུ་མཐུད་དུ་མཉམ་ལས་ཆུ་ཚད་མཐོར་འདེགས་བཏང་སྟེ། ཀྲུང་གོ་དང་ཨུ་རུ་སིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ཤུགས་ཡོད་རོགས་འདེགས་བྱེད་དགོས་ཟེར།

ཧྲའོ་དབྱི་ཀུའུ་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་ནི་ཨུ་རུ་སི་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བའི་རྨང་གཞི་གལ་ཆེན་ཡིན་པ་དང་། ཙུང་ཐུང་པུའུ་ཅིན་གྱིས་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་བར་གྱི་མཉམ་ལས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཕྱོགས་གཉིས་ཀྱི་ཤར་ཕྱོགས2018ལོའི་འཐབ་ཇུས་དམག་སྦྱོང་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་གདེང་འཇོག་ཚད་མཐོན་པོ་བྱས། ཨུ་རུ་སི་ཕྱོགས་ཀྱིས་ཨུ་རུ་སི་དང་ཀྲུང་གོ་རྒྱལ་ཁབ་བར་དང་། ཨུ་རུ་སིའི་དམག་དཔུང་དང་ཀྲུང་གོའི་དམག་དཔུང་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོ་དང་མཉམ་དུ་འབད་འཐབ་བྱས་ནས། རྒྱུན་མཐུད་ངང་འཐབ་ཇུས་མཉམ་ལས་ལ་ཤུགས་བསྣོན་པ་དང་། ཕྱོགས་གཉིས་ཀྱི་དམག་དོན་མཉམ་ལས་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་བ། མཉམ་དུ་བདེ་འཇགས་ཐད་ཀྱི་འགྲན་རྩོད་ལ་ཁ་གཏད་འཇལ་བའི་ནུས་པ་མཐོར་འདེགས་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་རྒྱལ་སྤྱིའི་ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་འཇོག་འདོད་ཡོད་ཟེར།

ཀྲང་ཡོའུ་ཞཱ་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།