ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩ་ལས་ཁུངས་གཙོ་བོའི་འགན་འཁུར་བ་དང་མཉམ་དུ་སྒོར་ཅོག་གྲོས་མོལ་ཚོགས་འདུ་ཐེངས་གསུམ་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1123673876_15415244868421n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་འཛམ་གླིང་དངུལ་ཁང་གི་འགོ་གཙོ་ཅིན་ཡུང་དང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚེ་ལ་ཅ་ཏི། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཨ་ཙི་ཝེ་ཏོ། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ལིས་ཡ། དངུལ་རྩ་བརྟན་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁ་ཉི། རྒྱལ་སྤྱིའི་ངལ་རྩོལ་བཟོ་བའི་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ཀི་ལིན་ཧྥེ་ཨར་ཏི་བཅས་དང་མཉམ་དུ་སྒོར་ཅོག་གྲོས་མོལ་ཚོགས་འདུ་ཐེངས་གསུམ་པ་བསྡུས། ཚོགས་ཐོག་ནས་ཀྲུང་གོ་དང་འཛམ་གླིང་དཔལ་འབྱོར་གྱིས་སྒོ་འབྱེད་མཉམ་ལས་ཁྲོད་དུ་མཉམ་རྒྱལ་འཚོལ་སྙེག་བྱེད་པར་སྐུལ་འདེད་གཏོང་བ་བརྗོད་དོན་གཙོ་བོ་ཡིན་པར་དམིགས་ཏེ། དེང་སྐབས་འཛམ་གླིང་དཔལ་འབྱོར་གྱི་འཕེལ་ཕྱོགས་དང་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་སྲུང་སྐྱོབ་བྱེད་པ། ཀྲུང་གོའི་དཔལ་འབྱོར་དང་བཅོས་སྒྱུར་སྒོ་འབྱེད་སོགས་གྲོས་གཞིའི་ཐད་ནས་བསམ་བློ་བརྗེ་རེས་བྱས།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོའི་དཔལ་འབྱོར་འཁོར་སྐྱོད་བྱས་པ་སྤྱིར་བཏང་དུ་བརྟན་འཇགས་ཡིན་ལ། རྒྱལ་ཁབ་ཕྱི་ནང་གི་ཤུགས་རྐྱེན་འོག་དཔལ་འབྱོར་འཕེལ་ཚད་ལ་གནོན་ཤུགས་ཆེ་ནའང་ཡུན་རིང་ལ་དམིགས་ན་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་བཟང་བ་དང་དཔལ་འབྱོར་འཁོར་སྐྱོད་དེ་མུ་མཐུད་དུ་འོས་འཚམ་གྱི་བར་སྟོང་དུ་སྲུང་འཛིན་བྱེད་ཐུབ། ང་ཚོས་ནུས་ལྡན་བྱེད་ཐབས་སྤྱད་དེ་དཔལ་འབྱོར་བརྟན་བརླིང་སྒོས་འཁོར་སྐྱོད་བྱེད་རྒྱུ་སྲུང་འཛིན་བྱེད་པར་མ་ཟད་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ངེས་ཡིན་ཟེར།

ཚོགས་འདུར་ཞུགས་པའི་རྒྱལ་སྤྱིའི་དཔལ་འབྱོར་ལས་ཁུངས་ཀྱི་འགན་འཁུར་བས་བཤད་རྒྱུར། ཀྲུང་གོས་འདས་པའི་ལོ་བཞི་བཅུའི་ནང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་བླངས་ནས་འཛམ་གླིང་ཡོངས་ལ་བྱས་རྗེས་ཆེན་པོ་བཞག དེང་སྐབས་ཀྱི་གནས་བབ་གསར་བའི་འོག་ཏུ་རྒྱལ་སྤྱིའི་དཔལ་འབྱོར་ལས་ཁུངས་སོ་སོས་ཀྲུང་གོའི་བར་གྱི་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་བསྣན་ནས་མཉམ་དུ་ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་འཇལ་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།