ཀྲུང་གོ་བོད་ཀྱི་དྲ་བ།

ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་རང་གི་ཕྱག་དཔེ་རྣམས་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་ཞལ་འདེབས་གནང་བའི་མཛད་སྒོ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2019-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20190528091534.jpg

སྒོ་འབྱེད་མཛད་སྒོའི་ཡུལ་དངོས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས25ཉིན“ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གི་ཡིག་ཚགས་ཁང”གི་སྒོ་འབྱེད་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་འཚོགས། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ནི་རྒྱལ་སྤྱིའི་བོད་རིག་པའི་མཁས་པ་གྲགས་ཅན་དང་། ཉི་ཧོང་ཏ་ཀུའུ་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ། དེ་མིན་ཉི་ཧོང་གི་གནའ་བོའི་སློབ་གྲྭ་ཆེན་མོ། ཏུང་ཅིན་སློབ་གྲྭ་ཆེན་མོ། ཏུང་ཅིན་ཕྱིའི་སྐད་ཡིག་སློབ་གྲྭ་ཆེན་མོ་སོགས་སློབ་ཆེན་བཅུ་ལྷག་གི་དམིགས་བསལ་གདན་ཞུས་སློབ་དཔོན་ཆེན་མོའི་འགན་བཞེས་ཡོད། རིག་གཞུང་ཞིབ་འཇུག་ཐད་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་གསལ་བླངས་ཡོད་པ་མ་ཟད། ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་མཚན་ཉིད་རིག་པའི་ཁྱབ་ཁོངས་སུ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད། 

微信图片_20190528091548.jpg

ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་སྒོ་འབྱེད་མཛད་སྒོའི་ཐོག་གསུང་བཤད་གནང་བཞིན་པ། 

སློབ་དཔོན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་སློབ་ཁྲིད་ཞིབ་འཇུག་གི་ལོ་རྒྱུས་ནང་རྩ་ཆེའི་ཡིག་རིགས་སྣ་ཚོགས་དང་པར་གཞི་སྣ་ཚོགས་ཀྱི་བོད་རིག་པའི་ཚད་ལྡན་ཡིག་ཆ་འབོར་ཆེན་བསྡུ་རུབ་བྱས་ཡོད་ཅིང་། 2018ལོར་སློབ་དཔོན་ཆེན་མོས་རང་ཉིད་ཀྱིས་ལོ་མང་རིང་འཚོལ་བསྡུ་དང་། ལེགས་སྒྲིག་ཉར་ཚགས་བཅས་བྱས་པའི་བོད་ཡིག་དང་། ལེགས་སྦྱར་གྱི་ཡི་གེ ཉི་ཧོང་གི་ཡི་གེ དབྱིན་ཡིག་སོགས་བོད་རིག་པའི་ཞིབ་འཇུག་རྒྱུ་ཆའི་ཕྱག་དཔེ5000རིན་མེད་ངང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་ཞལ་འདེབས་གནང་བ་རེད། 

微信图片_20190528091552.jpg

《པདྨ་བཀའ་ཐང་》གསེར་བྲིས།

དེའི་ནང་《བཀའ་འགྱུར》དང་། 《བསྟན་འགྱུར》《ཇོ་ནང་ཏཱ་ར་ནཱ་ཐའི་གསུང་འབུམ》《བུ་སྟོན་གྱི་གསུང་འབུམ》《བྱང་ཆུབ་ལམ་གྱི་རིམ་པ》《པདྨ་བཀའ་ཐང་》སོགས་ཀྱི་ཚད་ལྡན་ཡིག་ཆ་མང་ཆེ་བ་ཤིང་དཔར་དང་། ལག་བཤུས། གསེར་བྲིས་བཅས་ཡིན། གཞན་ཡང་ད་དུང་ཉི་ཧོང་ཡི་གེའི་པར་གཞིའི《ནང་བསྟན་རིག་པའི་ལྟ་གྲུབ》དང《གསང་སྔགས་རིག་པའི་ཞིབ་འཇུག》སོགས་ཕྱི་རྒྱལ་གྱི་བོད་རིག་པའི་དཔེ་སྐྲུན་ཕྱག་དཔེ་དང་། ད་དུང་སློབ་དཔོན་ཆེན་མོ་རང་ཉིད་ཀྱི་བོད་རིག་པའི་ཞིབ་འཇུག་གི་ཟིན་བྲིས་དང་། ལག་བཤུས། དུས་རབས་གོང་མའི་ལོ་རབས་90པར་བོད་དུ་བསྐྱོད་ནས་བརྟག་དཔྱད་ཞིབ་འཇུག་བྱས་པའི་བརྙན་པར་དཔྱད་གཞིའི་རྒྱུ་ཆ་སོགས་ཚུད་ཡོད་ལ། དེ་དག་ཆོས་ལུགས་དང་། མཚན་ཉིད་རིག་པ། ཁྲིམས་ལུགས། ལོ་རྒྱུས་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པས་ཧ་ཅང་རྩ་ཆེན་པོ་རེད། 

微信图片_20190528091556.jpg

ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གི་ཕྱག་བྲིས། 

ད་ཐེངས་སློབ་དཔོན་ཆེན་མོ་ཁོང་ཉིད་ནས་ཕྱག་དཔེའི་ཞལ་འདེབས་གནང་བ་འདི་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བཙུགས་པ་ནས་བཟུང་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླས་ཕྱག་དཔེ་ཞལ་འདེབས་གནང་བ་ཆེས་མང་ཤོས་ཡིན་པ་དང་། ཞིབ་འཇུག་ལྟེ་གནས་ཀྱིས་དེའི་ཐད་ཆེད་དུ་ཚད་ལྡན་ཡིག་ཚགས་ཁང་བཙུགས་པ་རེད། མིག་སྔར་སློབ་དཔོན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་ཚད་ལྡན་ཡིག་ཚགས་ཁང་བཙུགས་ཟིན་པ་དང་། ཞལ་འདེབས་གནང་བའི་ཚད་ལྡན་ཡིག་ཆ་ཚང་མ་རིགས་དབྱེ་ཏེ་དཔེ་སྒྲོམ་དུ་བསྒྲིགས་པ་མ་ཟད།《སློབ་དཔོན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་ཞལ་འདེབས་གནང་བའི་བོད་རིག་པའི་ཚད་ལྡན་ཡིག་ཆའི་དཀར་ཆག》ཅེས་པའི་དཔེ་དེབ་ཀྱང་རྩོམ་སྒྲིག་ལེགས་གྲུབ་བྱུང་ཡོད་པས། ཁོང་གི་རྩ་ཆེའི་ཚད་ལྡན་ཡིག་ཆ་དེ་དག་ཉར་ཚགས་དང་བེད་སྤྱོད་གང་ལེགས་བྱ་ཆེད་རྨང་གཞི་ལེགས་པོ་བཏིང་ཡོད་པ་རེད།  

微信图片_20190528091559.jpg

སློབ་དཔོན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་ཕུལ་བའི་ཚད་ལྡན་ཡིག་ཆ། 

微信图片_20190528091603.jpg

སློབ་དཔོན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་ཕུལ་བའི་ཚད་ལྡན་ཡིག་ཆ། 

微信图片_20190528091607.jpg

སློབ་དཔོན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་ཕུལ་བའི་ཚད་ལྡན་ཡིག་ཆ།  

微信图片_20190528091611.jpg

སྐུ་མགྲོན་རྣམས་ཀྱིས་ཚད་ལྡན་ཡིག་ཆར་གཟིགས་བཞིན་པ། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།