མིའི་རིགས་ཡོངས་ཀྱི་བདེ་ཐང་བདེ་སྐྱིད་ཀྱི་ཆེད་དུ་འབད་བརྩོན་བྱེད་པ།—ཀྲུའུ་ཞི་ཞི་ཅིན་ཕིང་གིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་གོ་ལ་ཧྲིལ་པོའི་བདེ་ཐང་གླེང་སྟེགས་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་6པའི་ཚེས་11ཉིན་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་གོ་ལ་ཧྲིལ་པོའི་བདེ་ཐང་གླེང་སྟེགས་ཚོགས་ཆེན་ཆིང་ཏའོ་རུ་འགོ་ཚུགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེང་གིས་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་བ་དང་ཚོགས་ཞུགས་འཐུས་མི་རྣམས་ལ་ཚུར་སྣང་ལན་ཆ་དྲག་པོ་བྱུང་། འཐུས་མི་ཚོས་བདེ་ཐང་ནི་མིའི་རིགས་ཀྱི་ཡུན་གཏན་གྱི་དོན་གཉེར་ཞིག་ཡིན་པས་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཀྱི་སྔོན་འགོག་ཚོད་འཛིན་མ་ལག་བཙུགས་ཏེ་མིའི་རིགས་ཀྱི་བདེ་ཐང་ལ་འཕྲད་པའི་ཐུན་མོང་གི་དཀའ་གནད་ནུས་ཤུགས་ཡོད་རྒུས་སེལ་བ་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་བདེ་ཐང་བདེ་སྐྱིད་མཐོར་འདེགས་སུ་གཏོང་དགོས་ཞེས་གསུངས་པ་རེད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་མི་ཚང་མར་བདེ་ཐང་ལོངས་སུ་སྤྱོད་རྒྱུ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་ཕུགས་འདུན་ཡིན་ལ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་སྐྲུན་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་ཞེས་བསྟན།

པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་གོ་ལ་ཧྲིལ་པོའི་བདེ་ཐང་གླེང་སྟེགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཁྲེན་ཕུང་ཕུའུ་ཀྲེན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་དེས་ཚོགས་ཞུགས་པར་སྐུལ་མ་ཆེན་པོ་ཐེབས་ཡོད། བདེ་ཐང་ལ་རྒྱལ་མཚམས་མེད། འཕྲོད་བསྟེན་བདེ་ཐང་ནི་མི་རེ་རེ་དང་། ཁྱིམ་ཚང་རེ་རེ། སྤྱི་ཚོགས་ཀྱི་ཚོགས་པ་རེ་རེ། ས་ཁུལ་རེ་རེ། རྒྱལ་ཁབ་རེ་རེ་བཅས་ཀྱི་བདེ་འཇགས་དང་། འཕེལ་རྒྱས། བདེ་སྐྱིད་བཅས་དང་འབྲེལ་བ་ཡོད། དེར་བརྟེན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས“དམངས་ཡོངས་ཀྱི་བདེ་ཐང་ཁྱབ་གདལ”ཧུར་ཐག་ངང་དར་སྤེལ་བཏང་བ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས“སྐྱོན་བྲལ་གྱི་འཚོ་བ་སྐྱེལ་སྟངས་འགན་ལེན་བྱས་ནས་ལོ་ཚད་ཁག་གི་མི་ཚོགས་ཀྱི་བདེ་སྐྱིད་ལ་སྐུལ་འདེད་གཏོང་དགོས”ཞེས་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་བཏོན་པ་རེད། “མི་ཚང་མས་བདེ་ཐང་ལོངས་སྤྱོད་བྱེད་པ”ནི་མི་ཚང་མས་ཞི་བདེ་འཕེལ་རྒྱས་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཐུན་མོང་གི་རེ་སྒུག་ཅིག་ཡིན་པ་མ་ཟད། མིའི་རིགས་ཀྱི་སྤྱི་ཚོགས་ཀྱིས་འབད་བརྩོན་ཆེན་པོ་བྱས་ནས་རྒྱུན་ཆད་མེད་པར་ལག་ལེན་བྱེད་པའི་ཐུན་མོང་གི་དམིགས་ཚད་ཅིག་ཀྱང་ཡིན།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་ཚོགས་ཆེན་གྱིས་ཕྱོགས་ཁག་གི་སྟོབས་ཤུགས་དང་ཐུན་མོང་གི་ངོས་འཛིན་ནུས་ལྡན་ངང་གཅིག་ཏུ་སྒྲིལ་བ་དང་། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ། གོ་ལ་ཧྲིལ་པོའི་བདེ་ཐང་བྱ་གཞག་དང་བདེ་ཐང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མིའི་རིགས་ཡོངས་ཀྱི་བདེ་ཐང་བདེ་སྐྱིད་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།