ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་གཅིག་ཉིན་ཁི་ལི་མུའུ་ལིན་ཕོ་བྲང་ནས་ཨུ་རུ་སི་ལ་དུས་ཡུན་ཐུང་ངུའི་བྱ་བའི་འཚམས་འདྲི་བྱེད་པའི་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཐུག་འཕྲད་བྱས་པར་མ་ཟད། ཁོ་དང་མཉམ་དུ་ཨུ་རུ་སི་དང་དབྱི་སི་རལ་གྱི་འབྲེལ་བ་དང་། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན། དེ་མིན་སི་རི་ཡཱའི་གནས་བབ་བཅས་ལ་གྲོས་བསྡུར་བྱས།

ཕུའུ་ཅིན་གྱིས་བཤད་རྒྱུར། ཟླ་ངོ་གཅིག་གི་སྔོན་ལ་དབྱི་སི་རལ་གྱི་ཙུང་ཐུང་ལི་ཧྥུའུ་ལིན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱས་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱིས་ནམ་རྒྱུན་མཐོ་རིམ་མགོ་ཁྲིད་པས་འབྲེལ་འདྲིས་བྱས་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ལ། དབུས་ཤར་ས་ཁུལ་གྱི་གནས་བབ་སྤྱིར་བཏང་མིན་པར་དམིགས་ཏེ་ཨུ་རུ་སི་དང་དབྱི་སི་རལ་གྱིས་འབྲེལ་འདྲིས་མང་དུ་བྱེད་པར་དགོས་གལ་ཆེ་བར་འདོད།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཨུ་རུ་སིར་འཚམས་འདྲི་བྱེད་སྐབས་ཏག་ཏག་དབྱི་སི་རལ་དང་ཨུ་རུ་སིའི་འབྲེལ་བ་སླར་གསོ་བྱུང་ནས་ལོ་ངོ་ཉེར་ལྔ་འགོར་བའི་སྐབས་ལ་འཁེལ་ཡོད། དེའི་ཐད་ནས་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བསྟན་དོན། ལོ་ངོ་ཉེར་ལྔའི་རིང་། དབྱི་སི་རལ་དང་ཨུ་རུ་སིའི་འབྲེལ་བ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། ཁོའི་ཐེངས་འདིའི་འཚམས་འདྲིའི་དམིགས་ཡུལ་གཙོ་བོ་ནི་དབྱི་སི་རལ་དང་ཨུ་རུ་སི་བདེ་འཇགས་ཁྱབ་ཁོངས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ་ནོར་འཆུག་དང་གོ་བ་ལོག་པའི་དོན་རྐྱེན་སྣ་ཚོགས་འབྱུང་བར་སྔོན་འགོག་བྱེད་པའི་ཆེད་ཡིན་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བཤད་རྒྱུར། དབྱི་སི་རལ་གྱི་བྱང་ཕྱོགས་རྒྱལ་མཚམས་ལ་བཀག་སྡོམ་ནན་མོ་བྱས་ཡོད་པ་དང་། དེའི་དམིགས་ཡུལ་ནི་གང་ནུས་ཀྱིས་ཀྲིན་ཀྲུའུ་ཏང་གིས་སི་རི་ཡཱ་དང་དབྱི་རག་ནས་དེང་རབས་མཚོན་ཆ་ནང་འདྲེན་བྱེད་པར་སྔོན་འགོག་བྱེད་པའི་ཆེད་ཡིན་ལ། ཀི་ལན་མཐོ་སྒང་ནས་དབྱི་སི་རལ་ལ་དམིགས་པའི་འཇིགས་སྐུལ་འཐབ་ཕྱོགས་འབྱུང་བར་སྔོན་འགོག་བྱེད་པའི་ཆེད་ཡིན་ཟེར།

ཨུ་རུ་སིའི་ཙུང་ཐུང་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་བསྟན་དོན། ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཡང་ན་དབུས་ཤར་ས་ཁུལ་གྱི་གནས་བབ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་བྱེད་པ་གང་ལ་མཚོན་ཡང་། ནེ་ཐཱ་ནི་ཡཱ་ཧུའུ་ཡི་ཐེངས་འདིའི་འཚམས་འདྲི་དེ་གལ་འགངས་ཧ་ཅང་ཆེ་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།