ཀྲུང་གོ་བོད་ཀྱི་དྲ་བ།

ཧིན་རྡུ་ཉི་ཞི་ཡཱའི་ཉེན་རྟོག་ཕྱོགས་ཀྱི་གནམ་གྲུ་སར་ལྷུང་ནས་གནམ་གྲུའི་སྟེང་གི་མི་བཅུ་དྲུག་པོ་ཚང་མ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧིན་རྡུ་ཉི་ཞི་ཡཱའི་ཉེན་རྟོག་ཕྱོགས་ཀྱི་མི་བཅུ་ཕྲག་ལྷག་དྲུད་པའི་གནམ་གྲུ་ཞིག་ཚེས་གསུམ་ཉིན་ལའོ་ནེ་གླིང་ཚོམས་ཉེ་འདབས་ཀྱི་མཚོ་ཁོངས་ནས་སར་ལྷུང་།

ཧིན་རྡུ་ཉི་ཞི་ཡཱ་རྒྱལ་ཁབ་རྒུད་སྐྱོབ་ལྟེ་གནས་ཀྱི་མགྲིན་ཚབ་པ་མཱ་ཨར་སུའུ་ཏིས་ཀྱིས་གསར་འགོད་པར་བཤད་རྒྱུར། སར་ལྷུང་བའི་གནམ་གྲུའི་སྟེང་མི་བཅུ་དྲུག་ཡོད་པ་དང་། མིག་སྔར་གནམ་གྲུའི་ཆག་སྒོའི་གནས་ཚུལ་ལ་བདེན་དཔང་ཐོབ་མེད། བསྒྲགས་པ་ལྟར་ན། སྐྱེལ་འདྲེན་གནམ་གྲུ་ཆུང་བ་དེ་ནི་ཧིན་རྡུ་ཉི་ཞི་ཡཱའི་མངའ་ཁོངས་ཀྱི་པང་ཅཱ་ཝུའུ་ལི་ཏུང་གླིང་ཚོམས་ཞིང་ཆེན་གྱི་ཕང་ཁཱ་ཨར་པེན་ལིང་གྲོང་ཁྱེར་ནས་འཕུར་བ་དང་། ཚེས་གསུམ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་ལའོ་ནེ་གླིང་ཚོམས་ཞིང་ཆེན་གྱི་ལིན་ཅཱ་རྫོང་ནས་སར་ལྷུང་བ་རེད།

ཕང་ཁཱ་ཨར་པེན་ལིང་གྲོང་ཁྱེར་གྱི་མཚོ་དམག་རྟེན་གཞིའི་དམག་སྤྱི་དབྱེ་ལཱ་ཝན་གྱིས་བཤད་རྒྱུར། ས་དེའི་སྡོད་དམངས་ཀྱིས་གནམ་གྲུ་སར་ལྷུང་བའི་འགས་གཏོར་གྱི་སྒྲ་ཐོས་པ་དང་། གནམ་གྲུའི་འདུག་སྟེགས་ཀྱི་ཆག་རོ་དང་འདས་པོའི་བེམ་པོ་རྙེད་ཡོད་པས། གནམ་གྲུའི་སྟེང་དུ་སྲོག་ཉེན་ལས་ཐར་བའི་མི་ཡོད་པའི་རེ་བ་ཧ་ཅང་ཆུང་། མཚོ་དམག་གིས་གྲུ་གཟིངས་གསུམ་དང་སྐོར་གཡེང་གྲུ་གཟིངས་གསུམ་མངག་ནས་རྒུད་སྐྱོབ་བྱ་བ་སྤེལ་བཞིན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།