ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇིའི་གྲོས་ཁང་ཞོལ་མས་སང་ལོའི་ཟླ་གསུམ་པའི་ཟླ་མཇུག་གི་སྔོན་ལ་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མོལ་མགོ་རྩོམ་པར་རྒྱབ་སྐྱོར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇིའི་གྲོས་ཁང་ཞོལ་མས་ཚེས་བདུན་ཉིན་གྱི་དགོང་མོར་འདེམ་ཤོག་འཕང་སྟེ། འདེམ་ཤོག་བཞི་བརྒྱ་དང་རེ་གཅིག་ཡིད་འཐད་བྱུང་བ་དང་། འདེམ་ཤོག་གྱ་དགུས་ངོ་རྒོལ་བྱེད་པའི་མཇུག་འབྲས་ཀྱིས་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མཱེ་ཡིས་དེའི་སྔོན་བཏོན་པའི་དབྱིན་ཇིའི་སྲིད་གཞུང་གིས་སང་ལོའི་ཟླ་གསུམ་པའི་ཟླ་མཇུག་གི་སྔོན་ལ་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མོལ་འཕེལ་རིམ་མགོ་རྩོམ་པའི་འཆར་གཞིར་རྒྱབ་སྐྱོར་ཐོབ།

ཉིན་དེའི་དགོང་མོར། དབྱིན་ཇིའི་གྲོས་ཁང་ཞོལ་མས་འདེམ་ཤོག་བཞི་བརྒྱ་དང་ཞེ་བརྒྱད་འཐད་པ་བྱུང་བ་དང་། འདེམ་ཤོག་དོན་ལྔས་ངོ་རྒོལ་བྱེད་པའི་མཇུག་འབྲས་ཀྱིས་གྲོས་ཆོད་གཞན་ཞིག་ལ་གྲོས་མཐུན་བཀོད་དེ། དབྱིན་ཇིའི་སྲིད་གཞུང་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མོལ་དངོས་སུ་མགོ་མ་བརྩམས་གོང་ངེས་པར་དུ་གྲོས་ཁང་ལ་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མོལ་གྱི་བྱེ་བྲག་གི་ནང་དོན་ཁྱབ་སྒྲོག་བྱས་དགོས་པའི་རེ་བ་བཏོན། དེའི་སྔོན་དབྱིན་ཇིའི་སྲིད་གཞུང་གིས་ནན་གྱིས་བསྟན་དོན། བྱེ་བྲག་གི་ནང་དོན་ལས་དབྱིན་ཇིའི་གྲོས་མོལ་ཁྲོད་ཀྱི་གོ་གནས་ཇེ་ཞན་དུ་གཏོང་སྲིད་པས། ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མོལ་གྱི་བྱེ་བྲག་གི་ཇུས་གཞི་ཁྱབ་སྒྲོག་བྱེད་རྒྱུ་མིན་ཟེར།

འདེམ་ཤོག་འཕངས་པའི་མཇུག་འབྲས་དེར་བཅའ་ཁྲིམས་ཐད་ནས་བཀག་སྡོད་ནུས་པ་མེད་ཀྱང་། དེ་ནི་ཐི་ལོས་ཧྲ་མཱེ་སྲིད་གཞུང་གིས་ད་ལོའི་ཟླ་བཅུ་བར་བཏོན་པའི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་དུས་ཚོད་རེའུ་མིག་བཏོན་རྗེས། གྲོས་ཁང་ཞོལ་མས་ཐོག་དང་པོར་སྲིད་གཞུང་གི་དུས་ཚོད་རེའུ་མིག་དེར་རྒྱབ་སྐྱོར་བྱེད་པའི་ལངས་ཕྱོགས་གསལ་བོར་བསྟན་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།