ཀྲུང་གོ་བོད་ཀྱི་དྲ་བ།

ཨིར་ལན་བྱང་མས་སྔ་སྣུར་གྱིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇིའི་ཨིར་ལན་བྱང་མའི་ལས་དོན་བློན་ཆེན་པུའུ་ལོ་ཁུན་ཞེ་ཨར་གྱིས་ཚེས་བཅུ་དྲུག་ཉིན་ཁྱབ་སྒྲོག་བྱས་དོན། ཨིར་ལན་བྱང་མས་སྔ་སྣུར་གྱིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་ཏེ། མིག་སྔར་ཨིར་ལན་བྱང་མའི་སྲིད་འཛིན་མནའ་འབྲེལ་གྱི་ཁ་བྲལ་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

པུའུ་ལོ་ཁུན་ཞེ་ཨར་གྱིས་ཉིན་དེར་ཨིར་ལན་བྱང་མའི་ལྟེ་གནས་གྲོང་ཁྱེར་པེ་ཨར་ཧྥ་སི་ཐི་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཁོས་མིག་སྔར་ཨིར་ལན་བྱང་མའི་དམངས་གཙོ་གཅིག་གྱུར་ཏང་དང་ཞིན་ཧྥུན་ཏང་གིས་གྲུབ་པའི་སྲིད་འཛིན་མནའ་འབྲེལ་གྱིས་མུ་མཐུད་དུ་ལས་འགན་ལག་བསྟར་བྱེད་དུ་འཇུག་ཐབས་མེད་པས། སྔ་སྣུར་གྱིས་འདེམ་བསྐོའི་བྱ་འགུལ་མི་སྤེལ་ཐབས་མེད་ཡིན་ཟེར།

པུའུ་ལོ་ཁུན་ཞེ་ཨར་གྱིས་བཤད་རྒྱུར། ཁོས་དབྱིན་ཇིའི་སྲིད་གཞུང་གིས་ཨིར་ལན་བྱང་མའི་གྲོས་ཁང་འདེམ་བསྐོའི་དུས་ཚོད་དེ་ཟླ་གསུམ་པའི་ཚེས་གཉིས་ཉིན་གཏན་འཁེལ་བྱེད་པ་དང་། ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་ནས་བཟུང་ད་ལྟའི་གྲོས་ཁང་གཏོར་དགོས་པའི་གྲོས་གཞི་བཏོན། ཁོས་བསྟན་དོན། འདེམ་བསྐོའི་བྱ་འགུལ་ལས་ཨིར་ལན་བྱང་མའི་མི་དམངས་ཡང་བསྐྱར་མཐུན་སྒྲིལ་ཡོང་བར་རེ་བས་ཁེངས་ཡོད་ཟེར།

ན་ནིང་སྤེལ་བའི་ཨིར་ལན་བྱང་མའི་གྲོས་ཁང་འདེམ་བསྐོའི་ཁྲོད། ཨིར་ལན་བྱང་མའི་སྲིད་ཏང་ཆེན་མོ་གཉིས་ཏེ་དམངས་གཙོ་གཅིག་གྱུར་ཏང་དང་ཞིན་ཧྥུན་ཏང་གཉིས་ལ་ཐོབ་པའི་གྲོས་ཁང་གི་ལས་གནས་ཁ་གྲངས་ཕྱེད་ལས་བརྒལ་མེད་པ་རེད། གྲོས་ཁང་གི་ལས་གནས་ཁ་གྲངས་མང་བོ་ཐོབ་པའི་དམངས་གཙོ་གཅིག་གྱུར་ཏང་གིས་ཞིན་ཧྥུན་ཏང་དང་མཉམ་དུ་སྲིད་འཛིན་མནའ་འབྲེལ་བཙུགས་ཀྱང་། ཏང་ཁག་གཉིས་བར་སྲིད་འཛིན་འདུ་ཤེས་ཀྱི་ཁྱད་པར་ཡོད་པ་རེད།

གཟའ་འཁོར་སྔོན་མར་ཨིར་ལན་བྱང་མའི་དབུ་བཞུགས་པུའུ་ཀྲང་གཞོན་པ་། ཞིན་ཧྥུན་ཏང་གི་གཙོ་འཛིན་མེད་ཅི་ནེ་སི་ཡིས་གློ་བུར་དུ་ལས་ཁུར་དགོངས་ཞུ་བྱས། ཏང་ཁག་གཉིས་ཀྱིས་དེའི་སྔོན་བཀོད་པའི་གྲོས་མཐུན་ལྟར་ན། སྲིད་འཛིན་མནའ་འབྲེལ་གྱི་ཕྱོགས་གཅིག་གི་མགོ་ཁྲིད་པས་ལས་ཁུར་དགོངས་ཞུ་བྱས་པ་དང་། ཏང་ཁག་དེས་གཏན་འཁེལ་བྱས་པའི་དུས་ཚོད་ནང་ཡང་བསྐྱར་མ་མངག་ན་སྲིད་འཛིན་མནའ་འབྲེལ་དངོས་སུ་ཁ་བྲལ་དུ་འགྲོ་སྲིད་ལ། ཡང་བསྐྱར་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་དགོས་པ་རེད།

ཐེངས་འདིར་ཨིར་ལན་སྲིད་འཛིན་མནའ་འབྲེལ་གྱི་ཁ་བྲལ་གནད་དོན་དེ་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་འཕེལ་རིམ་གྱི་གནད་འགག་གི་སྐབས་སུ་བྱུང་བ་རེད། དབྱིན་ཇིའི་གླེང་ཕྱོགས་ཀྱིས་བལྟས་ན། ཨིར་ལན་བྱང་མའི་གྲོས་ཁང་འདེམ་བསྐོའི་བྱ་འགུལ་དེས་དབྱིན་ཇིའི་རྒྱལ་ནང་གི་གཏན་འཇགས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་སྲིད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་བར་གྱི་གྲོས་མོལ་ལའང་ཤུགས་རྐྱེན་ཐེབས་སྲིད་པར་འདོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།