ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་ཤར་ཕྱོགས་ས་ཁུལ་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་མི་ཉེར་གཅིག་ལ་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ཁི་སི་ཐན་ཤར་ཕྱོགས་ཀྱི་ཕང་ཀྲི་ཕུའུ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ལཱ་ཧི་ཨར་གྱི་ཟ་ཁང་ཞིག་གི་ཉེ་འདབས་ནས་ཚེས་ཉེར་གསུམ་ཉིན་གྱི་ཉིན་གུང་འགས་གཏོར་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཉེར་གཅིག་ལ་རྨས་ཕོག་ཡོད།

བསྒྲགས་པ་ལྟར་ན། ས་དེའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་གཅིག་དང་སྐར་མ་སུམ་ཅུ་ཡས་མས་སུ། ལཱ་ཧི་ཨར་གྱི་རྒྱ་གར་ཟ་ཁང་ཞིག་གི་ཉེ་འདབས་ཀྱི་འཛུགས་སྐྲུན་བྱེད་བཞིན་པའི་བཟོ་སྐྲུན་ལས་ཁུལ་ནས་འགས་གཏོར་བྱུང་བ་རེད། ཟ་ཁང་ལས་གཞན་འགས་གཏོར་དེ་ལས་ད་རུང་ཉེ་འདབས་ཀྱི་ཁང་ཤར་བཞི་དང་། རླངས་འཁོར་མང་བོ། འཕྲུལ་རྟ་སོགས་ལ་གཏོར་བརླག་ཐེབས་པ་རེད། འགས་གཏོར་ཁྲོད་ཀྱི་རྨས་མ་དག་ས་དེའི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་པ་རེད། སྨན་ཁང་ཕྱོགས་ཀྱིས་བཤད་རྒྱུར། རྨས་མའི་ཁྲོད་ཉུང་མཐར་ཡང་མི་ལྔའི་རྨས་སྐྱོན་ཚབས་ཆེན་ཡིན་པས་ཤི་བོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།

འགས་གཏོར་དོན་རྐྱེན་བྱུང་རྗེས། ཉེན་རྟོག་པ་དང་གསང་འཕྲིན་ལས་ཁུངས་ཀྱི་མི་སྣ་མང་བོས་དོན་རྐྱེན་བྱུང་སའི་ཡུལ་དངོས་བཀག་སྡོམ་བྱས་ཏེ་ཉེ་འདབས་ཀྱི་མི་རྣམས་བདེ་འཇགས་ས་ཁུལ་དུ་བསྐྱལ་བ་རེད། འགད་རྫས་གཏོར་ལེན་ཆེད་མཁས་པས་བཤད་རྒྱུར། འཇབ་རྒོལ་མཁན་གྱིས་ཧ་ལམ་སྤྱི་རྒྱ་བརྒྱད་ནས་བཅུ་ཡོད་པའི་འགད་རྫས་བེད་སྤྱོད་བྱས་པ་རེད་ཟེར།

མིག་སྔར་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་བྱུང་སའི་ས་ཁུལ་དུ་རྟོག་ཞིབ་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།