ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་འབར་མའི་གནས་སྐོར་མཉམ་ལས་གླེང་སྟེགས་ཐོག་མ་དེ་འབར་མ་ནས་སྤེལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གནས་སྐོར་མཉམ་ལས་ཏེ་ཀྲུང་གོ་དང་འབར་མའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་སྒུག་ཤུགས་གསར་བ་ཞེས་པ་བརྗོད་སྙིང་ཡིན་པའི་ཀྲུང་གོ་དང་འབར་མའི་གནས་སྤོར་མཉམ་ལས་གླེང་སྟེགས་དེ་ཟླ་གསུམ་པའི་ཚེས་གཅིག་ཉིན་འབར་མའི་ནེ་པུས་ཏུའུ་ནས་སྤེལ་མགོ་བརྩམས།

གླེང་སྟེགས་དེ་ནི་ཀྲུང་གོའི་རྒྱལ་ཁབ་གནས་སྐོར་ཅུའུ་དང་། འབར་མའི་མགྲོན་ཁང་དང་གནས་སྐོར་པུའུ། ཀྲུང་གོའི་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་། འབར་མ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་བཅས་ཀྱིས་མཉམ་འབྲེལ་དུ་གཙོ་སྒྲུབ་བྱས་པ་ཡིན་ཞིང་། ཀྲུང་གོ་དང་འབར་མའི་གནས་སྐོར་དང་འབྲེལ་བའི་ལས་རིགས་ཀྱི་དཔོན་རིགས་དང་། ཀྲུང་གོའི་གནས་སྐོར་མཐུན་ཚོགས། ཀྲུང་གོའི་ཡུན་ནན་ཞིང་ཆེན་གནས་སྐོར་སྡེ་ཁག དེ་མིན་གནས་སྐོར་ཁེ་ལས་ཀྱི་འཐུས་མི་སོགས་མི་སུམ་བརྒྱ་ལྷག་གླེང་སྟེགས་ལ་ཞུགས།

ཀྲུང་གོའི་རྒྱལ་ཁབ་གནས་སྐོར་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཏུའུ་ཅང་གིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། ཀྲུང་གོ་དང་འབར་མའི་གནས་སྐོར་མཉམ་ལས་ཐད་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་བྱུང་ཡོད་པ་དང་། ཀྲུང་གོ་འབར་མའི་གནས་སྐོར་མཁན་གྱི་ཡོང་ཁུངས་རྒྱལ་ཁབ་ཆེན་མོ་གཉིས་པར་གྱུར་ཡོད། ཀྲུང་གོའི་སྲིད་གཞུང་གིས་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་ཅིང་། ཀྲུང་གོ་དང་འབར་མ་སོགས་ཉེ་འཁོར་རྒྱལ་ཁབ་བར་གནས་སྐོར་མཉམ་ལས་སྤེལ་བར་སྟོབས་ཤུགས་འདོན་ངེས་ཡིན། ད་ལོ་ནི་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་གནས་སྐོར་མཉམ་ལས་ལོ་ཡིན་པ་དང་། ཐེངས་འདིའི་གླེང་སྟེགས་ནི་ཀྲུང་གོ་དང་འབར་མས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཇེ་དྲག་ཏུ་གཏོང་བའི་གནས་བབ་གསར་བའི་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཟེར།

འབར་མའི་མགྲོན་ཁང་དང་གནས་སྐོར་པུའུ་ཡི་པུའུ་ཀྲང་ཝུའུ་ཝུན་མའོ་ཡིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཀྲུང་གོ་ནི་འབར་མའི་གནས་སྐོར་ལས་རིགས་ཀྱི་ཚོང་ར་གལ་ཆེན་ཞིག་ཡིན། འབར་མ་མཱེ་ཀུང་གཙང་བོའི་འགྲམ་བརྒྱུད་ས་ཁུལ་གྱི་གནས་སྐོར་མཉམ་ལས་ཁྲོད་ཧུར་ཐག་སྒོས་ཞུགས་རྒྱུ་ཡིན་ལ། དེའི་ནང་རྫ་ཆུ་དང་མཱེ་ཀུང་གཙང་བོའི་གནས་སྐོར་གྲོང་ཁྱེར་གྱི་མནའ་འབྲེལ་འཛུགས་སྐྲུན་བྱེད་པའི་ལས་གཞི་ཡང་འདུས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།