ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་རྒྱལ་ཁབ་ཀྱིས་ཨུ་རུ་སི་ཡིས་སི་རི་ཡཱའི་ཁུའུ་ཨར་ཏི་དམངས་གཙོ་མནའ་འབྲེལ་ཏང་བར་གྱི་མཉམ་ལས་མཚམས་འཇོག་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་གསུམ་ཉིན་བསྟན་དོན། ཚེས་ཉེར་གཉིས་ཉིན་ཐུར་ཁེའི་དམག་མི་སི་རི་ཡཱའི་མངའ་ཁོངས་ནས་མེ་མདས་བརྒྱབ་སྟེ་བསད་པའི་གནད་དོན་ཐད་ནས་ཐུར་ཁེ་རུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཚབ་མར་ཐུག་འཕྲད་བྱས་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་སི་རི་ཡཱའི་ཁུའུ་ཨར་ཏི་དམངས་གཙོ་མནའ་འབྲེལ་ཏང་ཁག་བར་གྱི་མཉམ་ལས་མཚམས་འཇོག་དགོས་པའི་རེ་བ་བཏོན།

ཐུར་ཁེའི་དམག་ཕྱོགས་ཀྱིས་ཚེས་ཉེར་གཉིས་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། ཉིན་དེར་ཐུར་ཁེའི་དམག་མི་ཞིག་གིས་ཐུར་ཁེའི་ལྷོ་ཕྱོགས་ཀྱི་ཧཱ་ཐཱ་དབྱེ་ཞིང་ཆེན་མངའ་ཁོངས་སུ་ལས་འགན་ལག་བསྟར་བྱེད་སྐབས། སི་རི་ཡཱའི་མངའ་ཁོངས་ཀྱི་ཁུའུ་ཨར་ཏི་དམངས་གཙོ་མནའ་འབྲེལ་ཏང་གིས་ཚོད་འཛིན་བྱེད་པའི་ས་ཁུལ་གྱི་དྲག་ཆས་པས་མེ་མདས་བརྒྱབ་སྟེ་བསད་པ་རེད་ཟེར།

ཐུར་ཁེའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མུས་ཧྥུའུ་ཏིས་ཨོ་ལུའུ་ཡིས་ཚེས་ཉེར་གསུམ་ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སི་ཡིས་སི་རི་ཡཱའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱས་པར་ལྟ་རྟོག་བྱེད་པའི་འགན་འཁྲི་ཡོད་པ་དང་། དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་རིགས་དེ་མཚུངས་ཀྱི་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་དགོས། དེ་ལྟ་མིན་ཚེ་ཐུར་ཁེ་རྒྱལ་ཁབ་ཀྱིས་དོན་རྐྱེན་བཟོ་མཁན་ལ་རྒོལ་ལན་སྤྲོད་ངེས་ཡིན་ཟེར། ཁོས་ད་རུང་བསྐྱར་སྒྲོག་བྱས་དོན། ཐུར་ཁེ་དང་ཨུ་རུ་སིའི་བར་གྱི་མཐུན་སྦྱོར་ནི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེ་ལག་བསྟར་བྱེད་པའི་ཆེས་ཕན་ནུས་ལྡན་པའི་ཐབས་ལམ་ཞིག་ཡིན་ཟེར།

མགྲིན་ཚབ་པ་དེས་ད་རུང་བཤད་རྒྱུར། ཨུ་རུ་སི་ཡིས་བྱེད་ཐབས་སྤྱད་དེ་ཁུའུ་ཨར་ཏི་བཟོ་བའི་ཏང་དང་སི་རི་ཡཱའི་ཁུའུ་ཨར་ཏི་དམངས་གཙོ་མནའ་འབྲེལ་ཏང་གི་མའོ་སི་ཁི་རུ་ཡོད་པའི་དོན་གཅོད་ཁང་གི་སྒོ་བརྒྱག་དགོས་པ་དང་། སི་རི་ཡཱའི་ཁུའུ་ཨར་ཏི་དམངས་གཙོ་མནའ་འབྲེལ་ཏང་ཁག་བར་གྱི་མཉམ་ལས་མཚམས་འཇོག་དགོས་པའི་རེ་བ་བཏོན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།