ཀྲུང་གོ་བོད་ཀྱི་དྲ་བ།

ཅ་ཁར་ཐ་ནས་དབན་ལུང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་རྣམ་གྲངས་ཕྱོགས་ཡོངས་ནས་ལག་ལེན་བསྟར་འགོ་ཚུགས་པ།

ཡོང་ཁུངས། : མི་མི་དམངས་ཉིན་རེའི་ཚགས་པར།   རྩོམ་པ་པོ། : ཞི་ལའེ་དབང་།   སྤེལ་དུས། : 2017-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ཁེ་ལས་ཀྱིས་མཉམ་ལས་འཛུགས་སྐྲུན་བྱས་པའི་ཅ་ཁར་ཐ་ནས་དབན་ལུང་བར་གྱི་མྱུར་བགྲོད་ལྕགས་ལམ(ཅ་དབན་མྱུར་བགྲོད་ལྕགས་ལམ)གྱི་རྣམ་གྲངས་ཆ་ཚང་འགན་གཙང་ལེན་པའི་གན་རྒྱར་མིང་རྟགས་འགོད་པའི་མཛད་སྒོ་ཅ་ཁར་ཐའི་ཝུའེ་ཅ་ཡ་ཁ་ཡ་ཀུང་སིའི་སྤྱི་ཁྱབ་པུའི་ཐོག་ཁང་དུ་གཟབ་རྒྱས་ངང་གཉེར་བ་རེད། མཛད་སྒོ་དེ་གཉེར་བ་ལས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལྕགས་ལམ་མཉམ་ལས་ལ་འཕེལ་རིམ་གལ་ཆེན་བྱུང་བ་དང་ཅ་ཁར་ཐ་ནས་དབན་ལུང་བར་གྱི་མྱུར་བགྲོད་ལྕགས་ལམ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བའི་དུས་མཚམས་སུ་སླེབས་པ་མཚོན་ཡོད། ཧིན་རྡུ་ཉི་ཞི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཤེས་ཧྥེང་དང་། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ལས་ཤག་གི་སྐུ་འཁོར་དཔོན་ཐེ་ཐེང·མ་སི་ཏུའུ་ཅི། ཧིན་རྡུ་ཉི་ཞི་ཡའི་མྱུར་བགྲོད་ལྕགས་ལམ་ཁེ་ལས་མཉམ་འབྲེལ་སྒྲིག་གཞིའི་ལྟ་ཞིབ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་ཧིན་རྡུ་ཉི་ཞི་ཡའི་གཞུང་ཁོངས་ཁེ་ལས་པུའི་པུའུ་ཀྲང་གི་དམིགས་བསལ་བློ་འདྲི་བ་གཅིག་ལྕོགས་ཡིན་པའི་ས་ཧ་ལ་སོགས་སྐུ་མགྲོན་དང་རྒྱལ་ཁབ་གཉིས་པོའི་འབྲེལ་ཡོད་ཁེ་ལས་ཀྱི་འཐུས་མི་200ལྷག་ཙམ་གྱིས་དུས་སྐབས་གལ་ཆེན་དེར་ཐུན་མོང་ཐོག་བདེན་དཔང་བྱས་ཡོད།

ཅ་ཁར་ཐ་ནས་དབན་ལུང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་རྣམ་གྲངས་ནི་ཀྲུང་གོ་མྱུར་བགྲོད་ལྕགས་ལམ་གྱིས་མ་ལག་ཆ་ཚང་དང་། རྒྱུ་རྐྱེན་ཆ་ཚང་། ཐོན་ལས་སྦྲེལ་ཐག་ཆ་ཚང་བཅས་ཀྱི་ཐོག་ནས་ཕྱི་རྒྱལ་དུ་མྱུར་བགྲོད་ལྕགས་ལམ་སྐྲུན་ཐེངས་དང་པོ་ཡིན་པ་དང་། དེ་ནི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཐད་ཐོབ་པའི་དུས་འགོའི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན། འདས་ཟིན་པའི་ལོ་གཅིག་ལྷག་ཙམ་ནང་ཅ་ཁར་ཐ་ནས་དབན་ལུང་བར་གྱི་མྱུར་བགྲོད་ལྕགས་ལམ་རྣམ་གྲངས་དེ་མ་རྩ་མཉམ་འཇོག་ཀུང་སིའི་དབར་གྲོས་མཐུན་བཞག་པ་ནས་ཆ་ཚང་འགན་གཙང་ལེན་པའི་གན་རྒྱ་འཇོག་པའི་བར་གནད་དོན་རེ་རེ་བཞིན་ཐག་གཅོད་བྱེད་པ་དང་གོམ་སྟབས་རེ་རེ་བཞིན་བརྟན་པོའི་ངང་སྐུལ་འདེད་བཏང་ཡོད།

ཤེས་ཧྥེང་གིས་གན་རྒྱའི་མིང་རྟགས་འགོད་པའི་མཛད་སྒོའི་ཐོག་ཤིས་ཚིག་བརྗོད་སྐབས་ཆ་ཚང་འགན་གཙང་ལེན་པའི་གན་རྒྱའི་ཐོག་མིང་རྟགས་འགོད་པ་ནི་ཅ་ཁར་ཐ་ནས་དབན་ལུང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་རྣམ་གྲངས་ཀྱི་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་འཕེལ་རིམ་གཞན་ཞིག་ཡིན། ཅ་ཁར་ཐ་ནས་དབན་ལུང་བར་གྱི་མྱུར་བགྲོད་ལྕགས་ལམ་ནི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡས་མཉམ་དུ་མ་རྩ་བཏང་ནས་སྐྲུན་པ་ཞིག་ཡིན་པ་དང་། ཕྱོགས་གཉིས་པོས་ཉེན་ཁ་མཉམ་འཁུར་དང་ཁེ་ཕན་མཉམ་སྤྱོད་བྱས་ཏེ་དམ་ཞིང་ཟབ་པའི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཆགས་ཡོད། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་དང་ཕྱོགས་གཉིས་པོའི་ཚོགས་པའི་འབད་བརྩོན་ལྷོད་མེད་འོག་ཅ་ཁར་ཐ་ནས་དབན་ལུང་བར་གྱི་མྱུར་བགྲོད་ལྕགས་ལམ་སྤུས་ཚད་མཐོ་པོའི་སྒོ་ནས་སྐྲུན་ཐུབ་རྒྱུའི་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཅ་ཁར་ཐ་ནས་དབན་ལུང་བར་གྱི་མྱུར་བགྲོད་ལྕགས་ལམ་ཚད་ཤིང་དུ་འཛིན་ནས་ཧིན་རྡུ་ཉི་ཞི་ཡ་ཕྱོགས་དང་དེ་བས་ཕྱོགས་ཡོངས་དང་གཏིང་ཟབ་པའི་གཉིས་ཕན་མཉམ་ལས་བྱས་ཏེ་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད།

མ་སི་ཏུའུ་ཅི་ཡིས་ཅ་ཁར་ཐ་ནས་དབན་ལུང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་རྣམ་གྲངས་ནི་ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོའི་མཚོན་རྟགས་རང་བཞིན་གྱི་མཉམ་ལས་རྣམ་གྲངས་ཤིག་ཡིན་པ་དང་། ཆ་ཚང་འགན་གཙང་ལེན་པའི་གན་རྒྱའི་ཐོག་མིང་རྟགས་བཀོད་པ་དེ་རྣམ་གྲངས་དེའི་དུས་མཚམས་རང་བཞིན་གྱི་ཚད་བརྒལ་འགངས་ཆེན་ཞིག་ཡིན་པས་ཕྱོགས་གཉིས་པོས་མུ་མཐུད་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་བདེ་བླག་ངང་ལེགས་གྲུབ་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ཅ་ཁར་ཐ་ནས་དབན་ལུང་བར་གྱི་མྱུར་བགྲོད་ལྕགས་ལམ་ནི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ཁེ་ལས་ཀྱིས་B2B(ཁེ་ལས་ནས་ཁེ་ལས་བར)ཚོང་ལས་རྣམ་པའི་མཉམ་ལས་ལ་བརྟེན་ནས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིས་སྣེ་འཁྲིད་དེ་ལྕགས་ལམ་འཆར་འགོད་དང་། བཟོ་སྐྲུན། སྒྲིག་ཆས་དང་གཉེར་སྐྱོང་སོགས་ཁེ་ལས་མཉམ་འབྲེལ་སྒྲིག་གཞི་གྲུབ་ནས་ཧིན་རྡུ་ཉི་ཞི་ཡའི་ཝུའེ་ཅ་ཡ་ཁ་ཡ་ཀུང་སིས་སྣེ་འཁྲིད་པའི་ཧིན་རྡུ་ཉི་ཞི་ཡའི་གཞུང་ཁོངས་ཁེ་ལས་ཀྱི་མཉམ་འབྲེལ་སྒྲིག་གཞི་དང་མཉམ་ལས་བྱས་པ་རེད། རྣམ་གྲངས་ཡོངས་ལ་ཀྲུང་གོ་མྱུར་བགྲོད་ལྕགས་ལམ་གྱི་ལག་རྩལ་དང་སྒྲིག་ཆས་སྤྱད་པ་དང་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་གྱི་ཕུན་སུམ་ཚོགས་པའི་འཛུགས་སྐྲུན་བྱེད་སྟངས་དང་གཉེར་སྐྱོང་དོ་དམ་ཉམས་མྱོང་ལ་དཔེ་བལྟས་པ་དང་ཀྲུང་གོ་མྱུར་བགྲོད་ལྕགས་ལམ་གྱི་ཚད་གཞིའི་ཐོག་ནས“ཕྱིར་སྐྱོད་པའི”རྣམ་གྲངས་དང་པོ་དེ་ཡིན། ལོ་གཅིག་ལྷག་ཙམ་གྱི་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་མཉམ་ལས་རོགས་ཟླས་མྱུར་བགྲོད་ལྕགས་ལམ་ལམ་ཐིག་གི་འཆར་འགོད་ཀྱི་ཞིབ་བཤེར་ཆོག་མཆན་དང་། རྣམ་གྲངས་འཛུགས་སྐྲུན་གྱི་ཆོག་འཐུས། དམིགས་བསལ་ཆོག་འཐུས་གཉེར་སྐྱོང་གྲོས་མཐུན། ལམ་ཐིག་གི་ཁོར་ཡུག་ཚོད་སྐོར། རྩད་ཞིབ་ཇུས་འགོད་སོགས་གྲ་སྒྲིག་ལས་དོན་ཁག་སྔ་རྗེས་སུ་ལེགས་གྲུབ་ཟིན་པ་རེད། ད་ཐེངས་ཆ་ཚང་འགན་གཙང་ལེན་པའི་གན་རྒྱའི་ཐོག་མིང་རྟགས་བཀོད་རྗེས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་ཕྱོགས་གཉིས་པོས་རྣམ་གྲངས་འཛུགས་སྐྲུན་སྒྲིག་འཛུགས་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཚད་གཞི་མཐོ་བའི་སྒོ་ནས་ལས་གྲྭ་བསྐྲུན་ཏེ་རྣམ་གྲངས་བདེ་བླག་ངང་སྐུལ་འདེད་ཐུབ་རྒྱུར་འགན་ལེན་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཅ་ཁར་ཐ་ནས་དབན་ལུང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱིས་ཅ་ཁར་ཐ་ནས་ཧིན་རྡུ་ཉི་ཞི་ཡའི་གྲོང་ཁྱེར་ཆེན་པོ་ཨང་གསུམ་པ་དབན་ལུང་སྦྲེལ་མཐུད་ཐུབ་རྒྱུ་ཡིན་པ་དང་། ལམ་ཐག་ཡོངས་ལ་སྟོང་སྨི་142ཡོད་པ་དང་ཆུ་ཚོད་རེར་མྱུར་ཚད་མཐོ་ཤོས་སྟོང་སྨི་350འགྲོ་ཐུབ་པའི་ཇུས་འགོད་བྱས་པ་དང་། ལོ་གསུམ་ནང་སྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་རྒྱུའི་འཆར་གཞི་ཡོད་པ་རེད། སྐབས་དེ་དང་བསྟུན་ནས་ཅ་ཁར་ཐ་ནས་དབན་ལུང་བར་གྱི་འགྲུལ་སྐྱོད་དུས་ཚོད་ད་ལྟའི་ཆུ་ཚོད་3ལྷག་ཙམ་ནས་སྐར་མ་40ཡི་བར་ཐུང་དུ་འགྲོ་རྒྱུ་ཡིན་པ་དེས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་དམངས་ཚོགས་ཕྱིར་སྐྱོད་ལ་སྟབས་བདེ་སྐྲུན་ཏེ་གྲོང་ཁྱེར་གཉིས་དབར་གྱི་འགྲིམ་འགྲུལ་གནོན་ཤུགས་ནུས་ལྡན་ངང་ཞི་ལྷོད་དུ་གཏོང་ཐུབ་པ་དང་། ལམ་རྒྱུད་ཀྱི་ཚོང་ལས་དང་ཡུལ་སྐོར་ཐོན་ལས་གསར་སྤེལ་ལ་སྐུལ་ཁྲིད་བྱས་ནས་ཧིན་རྡུ་ཉི་ཞི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་ཅ་ཁར་ཐ་ནས་དབན་ལུང་བར་གྱི་མྱུར་བགྲོད་ལྕགས་ལམ་རྣམ་གྲངས་ཀྱིས“རྒྱུད་གཅིག་ལམ་གཅིག”འཛུགས་པའི་ཁྲོད་ཀྱི་ལྕགས་ལམ་གྱི་ཞབས་ཞུའི་འགན་ལེན་ནུས་པ་འདོན་སྤེལ་བྱེད་པ་དང་། རང་རྒྱལ་གྱི་ལྕགས་ལམ་དང་ཨེ་ཤེ་ཡ་ཤར་ལྷོའི་འབྲེལ་ཡོད་རྒྱལ་ཁབ་ཀྱི་ལྕགས་ལམ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། “རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་ཐུབ་པ་བཅས་ཐད་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་པ་རེད།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།