ཀྲུང་གོ་བོད་ཀྱི་དྲ་བ།

ཧྥེ་ལེ་པེན་ཉེན་རྟོག་ཕྱོགས་དང་ཨ་པུའུ་ཧྲ་ཡེ་ཧྥུའུ་དྲག་ཆས་པས་འཁྲུག་རྩོད་བྱས་ཏེ་མི་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥེ་ལེ་པེན་དམག་ཕྱོགས་ཀྱིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ཧྥེ་ལེ་པེན་སྲིད་གཞུང་དམག་དཔུང་དང་ཉེན་རྟོག་དམག་དཔུང་ལ་ཉིན་དེར་དབུས་ཕྱོགས་ཀྱི་པའོ་ཧི་གླིང་ཕྲན་ནས་ཨ་པུའུ་ཧྲ་ཡེ་ཧྥུའུ་ཡི་དྲག་ཆས་ཉེས་ཅན་སྐོར་ཞིག་གི་འཇབ་རྒོལ་ཐེབས་པ་དང་། ཕྱོགས་གཉིས་བར་འཁྲུག་རྩོད་དྲག་པོ་བྱུང་སྟེ། ཉུང་མཐར་ཡང་མི་དགུ་རྐྱེན་ལམ་དུ་ཤོར།

ཧྥེ་ལེ་པེན་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་ཨ་ནོའུ་ཡིས་བསྟན་དོན། སྲིད་གཞུང་དམག་དཔུང་དང་ཉེན་རྟོག་དམག་དཔུང་གིས་ཉིན་དེར་ཧྥེ་ལེ་པེན་དབུས་ཕྱོགས་ཀྱི་མུས་ཧྲ་ཡན་ས་ཁུལ་གྱི་པའོ་ཧི་གླིང་ཕྲན་དུ་གཙང་ཕྱགས་འགུལ་སྐྱོད་སྤེལ་བ་དང་། ཞོགས་པའི་དུས་ཚོད་ལྔ་ཡས་མས་སུ་མཚོན་ཆ་ཆེ་གྲས་བཟུང་བའི་ཨ་པུའུ་ཧྲ་ཡེ་ཧྥུའུ་ཡི་དྲག་ཆས་ཉེས་ཅན་སྐོར་ཞིག་གི་འཇབ་རྒོལ་ཐེབས་ཏེ། ཕྱོགས་གཉིས་བར་འཁྲུག་རྩོད་དྲག་པོ་བྱུང་། དེའི་རྗེས་སུ་དམག་ཕྱོགས་ཀྱིས་སྐམ་མཚོ་མཁའ་གསུམ་གྱི་རོགས་སྐྱོར་དམག་དཔུང་མངག་པ་རེད།

ཧྥེ་ལེ་པེན་དམག་ཕྱོགས་ཀྱིས་ཉིན་དེའི་ཕྱི་དྲོར་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། འཁྲུག་རྩོད་ལས་བསྡོམས་པས་སྲིད་གཞུང་གི་དམག་མི་གསུམ་དང་ཉེན་རྟོག་པ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། སྲིད་གཞུང་དམག་དཔུང་གི་དམག་མི་གཉིས་ལ་རྨས་ཕོག ཞོར་དུ་ཨ་པུའུ་ཧྲ་ཡེ་ཧྥུའུ་ཡི་དྲག་ཆས་ཉེས་ཅན་ལྔ་བསད་ཟེར།

ཧྥེ་ལེ་པེན་དུ་སྡོད་པའི་ཨ་མེ་རི་ཁ་དང་ཨོ་སི་ཁྲུ་ལི་ཡཱ་ཡིས་ཉེ་སྔོན་སོ་སོར་གནས་སྐོར་གྱི་ཉེན་བརྡ་བཏང་སྟེ། བདེན་དཔང་ཐོབ་མེད་ཀྱང་བློ་གཏད་རུང་བའི་གནས་ཚུལ་ལྟར་ན། ཧྥེ་ལེ་པེན་དབུས་ཕྱོགས་ཀྱི་མུས་ཧྲ་ཡན་ས་ཁུལ་གྱི་པའོ་ཧི་དང་སུའུ་ཝུའུ་སོགས་ས་ཁུལ་དུ་འཇིགས་སྐུལ་ཉེས་ཅན་གྱིས་བཙན་ཁྲིད་འགུལ་སྐྱོད་སྤེལ་བར་འཆར་འགོད་བྱེད་བཞིན་ཡོད་པས། རྒྱལ་ཁབ་རང་གི་སྤྱི་དམངས་དག་ས་ཁུལ་དེ་དག་ཏུ་འགྲོ་བའི་གནས་སྐོར་འཆར་གཞིར་ཡང་བསྐྱར་བསམ་བློ་གཏོང་དགོས་པའི་འབོད་སྐུལ་བཏང་། དེའི་རྗེས་སུ་ཧྥེ་ལེ་པེན་ཉེན་རྟོག་ཕྱོགས་ཀྱིས་ཀྱང་ཧྥེ་ལེ་པེན་དབུས་ཕྱོགས་ས་ཁུལ་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་འབྱུང་སྲིད་པའི་གསང་འཕྲིན་འབྱོར་ཡོད་པ་བདེན་དཔང་བྱས།

དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་བློ་དཀར་བའི་ཨ་པུའུ་ཧྲ་ཡེ་ཧྥུའུ་དྲག་ཆས་པ་དེ་དུས་རབས་སྔོན་མའི་ལོ་རབས་དགུ་བཅུའི་དུས་མགོར་བཙུགས་པ་དང་། གཙོ་བོ་ཧྥེ་ལེ་པེན་ལྷོ་ཕྱོགས་ས་ཁུལ་དུ་འགུལ་སྐྱོད་བཞིན་ཡོད་ལ། འཇབ་རྒོལ་དང་བཙན་ཁྲིད་བྱ་འགུལ་རབ་དང་རིམ་པར་ཞུགས། ཧྥེ་ལེ་པེན་སྲིད་གཞུང་གིས་ཆམ་ཕབ་བཏང་སྟེ་རྩ་འཛུགས་དེའི་སྟོབས་ཤུགས་ཇེ་ཆུང་དུ་བཏང་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།