ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་གྱིས་ཨ་མེ་རི་ཁས་སི་རི་ཡཱའི་དམག་བཀོལ་གནམ་གྲུ་ཐང་ལ་འཇབ་རྒོལ་བྱས་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་པར་སྐྱོན་འཛུགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་ཚེས་ཉེར་དྲུག་ཉིན་མའོ་སི་ཁིའི་རྒྱལ་སྤྱིའི་བདེ་འཇགས་གྲོས་ཚོགས་སྟེང་བསྟན་དོན། ཨ་མེ་རི་ཁས་སི་རི་ཡཱའི་ཧྲ་དབྱེ་ལཱ་ཐི་དམག་བཀོལ་གནམ་གྲུ་ཐང་དུ་འཇབ་རྒོལ་བྱས་པའི་བྱ་སྤྱོད་དེ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་དང་མངོན་གསལ་གྱིས་འགལ་ཡོད་ཟེར།

ཧྲའོ་དབྱེ་ཀུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་ཧྲ་དབྱེ་ལཱ་ཐི་དམག་བཀོལ་གནམ་གྲུ་ཐང་ལ་འཇབ་རྒོལ་བྱས་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་པར་མ་ཟད། ཨ་མེ་རི་ཁའི་བྱ་སྤྱོད་དེས་སི་རི་ཡཱ་རུ་ལས་འགན་ལག་བསྟར་བྱེད་བཞིན་པའི་ཨུ་རུ་སིའི་དམག་མིའི་ཚེ་སྲོག་ལ་འཇིགས་ཉེན་བཟོས་ཡོད། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བྱེད་ཐབས་སྤྱད་དེ་ཨུ་རུ་སིའི་དམག་དཔུང་གི་བདེ་འཇགས་ལ་ཁག་ཐེག་བྱེད་རྒྱུ་ཡིན་ཟེར།

ཟླ་འདིའི་ཚེས་བདུན་ཉིན། ཨ་མེ་རི་ཁའི་དམག་དཔུང་གིས་སི་རི་ཡཱའི་ཧྲ་དབྱེ་ལཱ་ཐི་དམག་བཀོལ་གནམ་གྲུ་ཐང་ལ་འཕུར་མདའ་ང་གཅིག་གཏོང་འཕེན་བྱས་པ་དང་། ཨ་མེ་རི་ཁའི་དམག་དཔུང་གིས་བཤད་ན་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་གནམ་གྲུ་ཐང་དེ་ནས་རྫས་འགྱུར་མཚོན་ཆའི་འཇབ་རྒོལ་བྱས་པ་ཡིན་པས། འགུལ་སྐྱོད་སྤེལ་ནས་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གི་གནམ་གྲུ་ཐང་དེར་ཡོད་པའི་རྫས་འགྱུར་མཚོན་ཆའི་མཛོད་ཁང་རྩ་མེད་དུ་གཏོང་འདོད་པ་ཡིན་ཟེར།

ཟླ་འདིའི་ཚེས་བཞིའི་ཉིན། སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་ལྷོ་ངོས་ཀྱི་གྲོང་རྡལ་ཆུང་བ་ཞིག་ཏུ་རྫས་འགྱུར་མཚོན་ཆའི་འཇབ་རྒོལ་དོན་རྐྱེན་བྱུང་། ཨ་མེ་རི་ཁ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་སི་རི་ཡཱའི་དམག་དཔུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པར་འདོད་ཀྱང་། སི་རི་ཡཱ་ཡིས་འབྲེལ་ཡོད་ཀྱི་སྐྱོན་འཛུགས་དེ་དག་གཏན་ནས་ཁས་ལེན་བྱེད་ཀྱིན་མེད།

ཨ་མེ་རི་ཁའི་ཕྱོགས་ཀྱིས་ད་ལྟའི་བར་ཆམ་ཕབ་བཏང་བའི་ཧྲ་དབྱེ་ལཱ་ཐི་དམག་བཀོལ་གནམ་གྲུ་ཐང་དུ་རྫས་འགྱུར་མཚོན་ཆ་ཡོད་པ་བདེན་དཔང་བྱས་མེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།