ཀྲུང་གོ་བོད་ཀྱི་དྲ་བ།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཀུའེ་ནེ་ཡཱ་པུ་སོའི་ཕྱོགས་ཁག་སོ་སོས་ཆབ་སྲིད་ཀྱི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་གཅིག་ཉིན་གསར་འགྱུར་ལས་རིགས་ལ་གསལ་སྒྲོག་སྤེལ་ཏེ། ཀུའེ་ནེ་ཡཱ་པུ་སོའི་དེང་སྐབས་ཀྱི་ཆབ་སྲིད་ཉམས་ཉེན་ལ་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན་པ་དང་། ཕྱོགས་ཁག་སོ་སོས་གནས་བབ་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱས་ཏེ་མིག་སྔའི་ཆབ་སྲིད་གྲོས་མཐུན་བརྩི་སྲུང་བྱས་ནས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་སྐུལ་མ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ན་ནིང་ཀུའེ་ནེ་ཡཱའི་རྒྱལ་ས་ཁི་ནེ་ཁི་ལི་ནས་བཀོད་པའི་ཆབ་སྲིད་གྲོས་མཐུན་ནི་མིག་སྔའི་ཆབ་སྲིད་ཉམས་ཉེན་ཐག་གཅོད་བྱེད་པའི་སྒྲོམ་གཞི་གཙོ་བོ་ཡིན་པ་ནན་བཤད་བྱས་པ་དང་། ཀུའེ་ནེ་ཡཱ་པུ་སོའི་ཕྱོགས་སོ་སོས་གནས་བབ་ཛ་དྲག་ཏུ་འགྲོ་བའི་དྲག་ཤུགས་བྱ་སྤྱོད་མཚམས་བཞག་སྟེ། གྲོས་མཐུན་དེ་ལག་བསྟར་ནན་མོ་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཀུའེ་ནེ་ཡཱ་པུ་སོའི་ཙུང་ཐུང་ཝ་སི་ཡིས་ཆབ་སྲིད་གྲོས་མཐུན་གྱི་གཏན་འཁེལ་གཞིར་བཟུང་ནས་ཙུང་ལི་བསྐོ་འཇོག་བྱེད་དགོས་པའི་རེ་བ་བཏོན།

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཀུའེ་ནེ་ཡཱ་པུ་སོའི་ཕྱོགས་ཁག་སོ་སོས་མི་དམངས་ཀྱི་ཁེ་ཕན་གོ་གནས་གཙོ་བོར་འཇོག་པ་དང་། རྒྱལ་ཁབ་ཀྱི་ཆབ་སྲིད་གཏན་འཇགས་ཡོང་བའི་ཆེད་དུ། མིག་སྔའི་ཆབ་སྲིད་ཉམས་ཉེན་མྱུར་དུ་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་ཁབ་དེ་དུག་རྫས་ལྐོག་འཚོང་སོགས་རྒྱལ་ཁོངས་བརྒལ་བའི་ནག་ཉེས་དང་། དྲག་ཤུགས་ཐལ་སྤྱོད་རིང་ལུགས། འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་སོགས་གནད་དོན་ལ་འཕྲད་ཡོད་པར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད།

ཉིས་སྟོང་བཅོ་ལྔ་ལོའི་ཟླ་བརྒྱད་པའི་ཚུན་ལ། ཀུའེ་ནེ་ཡཱ་པུ་སོའི་ཕྱོགས་ཁག་སོ་སོས་ཙུང་ལི་བསྐོ་འཇོག་བྱེད་པའི་གནད་དོན་ཐད་འགལ་བ་བྱུང་སྟེ་ཆབ་སྲིད་གནས་བབ་ཛ་དྲག་ཏུ་གྱུར། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཅུ་གཅིག་པར། ཙུང་ཐུང་ཝ་སི་ཡིས་སྔོན་ཆད་ཀྱི་ཙུང་ཐུང་གི་བློ་འདོན་པ་ཨིན་པཱ་ལོ་ཙུང་ལི་ལ་བསྐོ་འཇོག་བྱས་པ་དང་། བསྐོ་འཇོག་དེར་མིག་སྔར་ད་རུང་ངོ་རྒོལ་ཕྱོགས་ཁག་གི་ཁས་ལེན་ཐོབ་མེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།