ཀྲུང་གོ་བོད་ཀྱི་དྲ་བ།

ཅོར་ཏན་གྱིས་རང་གི་མངའ་ཁོངས་སུ་ཡོང་རྩིས་ཡོད་པའི་འཇིགས་སྐུལ་ཉེས་ཅན་འགའ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཅོར་ཏན་དམག་ཕྱོགས་ཀྱི་མི་སྣས་ཚེས་གསུམ་ཉིན་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཅོར་ཏན་དམག་ཕྱོགས་ཀྱིས་ཉིན་དེར་སི་རི་ཡཱའི་མངའ་ཁོངས་ནས་རང་གི་མངའ་ཁོངས་སུ་ཡོང་རྩིས་ཡོད་པའི་འཇིགས་སྐུལ་ཉེས་ཅན་འགའ་བསད་པར་བཤད་ཀྱང་། འཇིགས་སྐུལ་ཉེས་ཅན་གྱི་བྱེ་བྲག་གི་མི་གྲངས་གསལ་བོར་བཤད་མེད།

ཅོར་ཏན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། འཇིགས་སྐུལ་ཉེས་ཅན་སྐོར་ཞིག་ཉིན་དེར་འཕྲུལ་རྟ་གསུམ་ལ་ཞོན་ནས་མཚོན་ཆ་བཟུང་ནས་ཅོར་ཏན་དང་དང་སི་རི་ཡཱའི་མཐའ་མཚམས་ཀྱི་མི་མེད་མངའ་ཁོངས་སུ་འགྲོ་རྩིས་བྱས། ཅོར་ཏན་དམག་ཕྱོགས་ཀྱིས་ཉེན་བརྡ་བཏང་ཡང་ཕན་ཐོགས་མེད་པས། འཇིགས་སྐུལ་ཉེས་ཅན་ཚང་མ་བསད་པ་རེད། འཁྲུག་རྩོད་བྱེད་སྐབས་ཅོར་ཏན་གྱི་དམག་མི་གཅིག་ལ་རྨས་ཕོག་ཟེར།

ཅོར་ཏན་དམག་ཕྱོགས་ཀྱི་མི་སྣས་བཤད་རྒྱུར། འཇིགས་སྐུལ་ཉེས་ཅན་དག་གིས་ལུའུ་ཁི་པན་ཀན་ཡུལ་གྱར་བའི་སྒར་སའི་ཉེ་འདབས་ཀྱི་སོ་ལྟ་ཁང་ལ་འཇབ་རྒོལ་བྱེད་འདོད་ཡོད་ཟེར། ཡུལ་གྱར་བའི་སྒར་ས་དེ་ཅོར་ཏན་དང་སི་རི་ཡཱའི་མཐའ་མཚམས་ས་ཁུལ་དུ་ཡོད་པ་དང་། དམག་དོན་དོ་དམ་བྱེད་བཞིན་ཡོད་ལ། སི་རི་ཡཱའི་ཡུལ་གྱར་བའི་གནས་སྐབས་ཀྱི་བཀོད་སྒྲིག་བྱེད་ས་ཞིག་ཡིན་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།