ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཨ་ལེ་ཕའོ་ས་ཁུལ་གྱི་སྦས་སྐོང་བྱེད་ས་གཙོ་བོ་འཕྲོག་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་བཞིའི་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཉིན་དེར་བྱང་ཕྱོགས་ཀྱི་ཨ་ལེ་ཕའོ་ཞིང་ཆེན་གྱི་ཤར་ཕྱོགས་ས་ཁུལ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྦས་སྐོང་བྱེད་ས་མཱ་སི་ཁཱ་ནཱ་ཕྱིར་འཕྲོག་ལེན་བྱས་པ་དང་། དམག་དོན་འགུལ་སྐྱོད་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད།

སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་འཐབ་ཇུས་ཀྱི་གྲོང་རྡལ་གཙོ་བོ་མཱ་སི་ཁཱ་ནཱ་དང་སྡེ་བ་རེ་འགའ་ཕྱིར་འཕྲོག་ལེན་བྱས་པ་དང་། ཆུ་འདོན་ས་ཚིགས་གཉིས་དང་བཅས་པའི་སྒྲིག་ཆས་གལ་ཆེན་ཕྱིར་བླངས་པར་མ་ཟད། དྲག་ཆས་ཉེས་ཅན་གྱིས་སྦས་པའི་ས་འོག་འགད་རྫས་སྒྲིག་ཆས་གཏོར་ལེན་བྱས་ཟེར།

སྲིད་གཞུང་དམག་དཔུང་གིས་ད་རུང་ཤར་ཕྱོགས་ཀྱི་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་དང་། དབུས་ཕྱོགས་ཀྱི་ཧཱ་མཱ་ཞིང་ཆེན་གྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྦས་སྐོང་བྱེད་སར་དམག་དོན་འགུལ་སྐྱོད་སྤེལ་ཏེ། མཚོན་ཆ་དང་སྒྲིག་ཆས་མི་ཉུང་བ་ཞིག་རྩ་མེད་དུ་བཏང་ཡོད།

སྤྱི་ཁྱབ་པུའུ་དབྱིན་ཇིའི་ལོན་ཏོན་དུ་ཡོད་པའི་སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་ཉིན་དེར་བསྟན་དོན། མཱ་སི་ཁཱ་ནཱ་གྲོང་རྡལ་ནི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཨ་ལེ་ཕའོ་ཞིང་ཆེན་གྱི་ཆེས་མཇུག་མཐའི་སྦས་སྐོང་བྱེད་ས་རེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།