ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་ལས་དོན་ཁང་གིས་ལེ་པཱ་ནུན་དང་ཅོར་ཏན་མངའ་ཁོངས་ཀྱི་སི་རི་ཡཱའི་ཡུལ་གྱར་བ་དག་འཚོ་སྡོད་ཉམས་ཉེན་ལ་འཕྲད་ཡོད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་ལས་དོན་ཁང་གིས་ཚེས་དྲུག་ཉིན་བསྟན་དོན། གལ་ཏེ་དུས་ཡུན་ཐུང་ངུའི་ནང་བྲེལ་མྱུར་མ་དངུལ་མ་ཐོབ་ན། ལས་ཁུངས་དེའི་ལེ་པཱ་ནུན་དང་ཅོར་ཏན་དུ་ཡོད་པའི་སི་རི་ཡཱའི་ཡུལ་གྱར་བའི་མ་དངུལ་གྱི་རོགས་སྐྱོར་ལས་གཞི་དེ་ཟླ་རྗེས་མ་ནས་བཟུང་བཙན་གྱིས་མཚམས་མི་འཇོག་ཐབས་མེད་ཡིན་པ་དང་། སི་རི་ཡཱའི་ཡུལ་གྱར་བའི་ཁྱིམ་ཚང་ཁྲི་དྲུག་ཙམ་གྱི་འཚོ་བ་དཀའ་སྡུག་གི་གནས་སུ་ལྷུང་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གི་མགྲིན་ཚབ་པ་མཱ་ཧི་ཆི་ཆི་ཡིས་ཉིན་དེར་རི་ནེ་ཝ་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མིག་སྔར་ལེ་པཱ་ནུན་དུ་ཡོད་པའི་སི་རི་ཡཱའི་ཡུལ་གྱར་བ་བརྒྱ་ཆའི་བདུན་ཅུའི་འཚོ་བ་དབུལ་ཕོངས་ཚད་ཐིག་གི་མན་དུ་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱིན་པའི་མ་དངུལ་རོགས་སྐྱོར་ནི་ཁོ་ཚོའི་ཡོང་འབབ་ཉག་ཅིག་རེད། གལ་ཏེ་རོགས་སྐྱོར་དེ་མཚམས་བཞག་ན་ཁོ་ཚོར་ཉིན་རེར་ཐུན་གསུམ་གྱི་ཟ་མ་དང་སྡོད་གནས་ཀྱང་ཐོབ་ཐབས་མེད། ཅོར་ཏན་དུ་འཚོ་བའི་སི་རི་ཡཱའི་ཡུལ་གྱར་བའང་དེ་མཚུངས་ཀྱི་གནད་དོན་ལ་འཕྲད་ཡོད་ཟེར།

མཱ་ཧི་ཆི་ཆི་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གིས་སི་རི་ཡཱའི་ཡུལ་གྱར་བར་རོགས་སྐྱོར་བྱེད་པའི་མི་ཆོས་རིང་ལུགས་ཀྱི་ལས་གཞི་དེ་མ་དངུལ་དཀོན་པའི་རྣམ་པ་སྲུང་འཛིན་བྱས་ཡོད་ལ། ཞལ་འདེབས་མ་དངུལ་སྟེར་བར་ཁས་ལེན་བྱས་པ་དག་དངོས་འབེབ་བྱས་པའི་གནས་ཚུལ་བཟང་རྒྱུ་མེད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། མིག་སྔར་སི་རི་ཡཱའི་ཡུལ་གྱར་བ་ས་ཡ་ལྔ་ཉེ་འཁོར་རྒྱལ་ཁབ་དག་ཏུ་འཁྱམས་ནས་སྐྱབས་འཚོལ་བཞིན་ཡོད་པ་དང་། སི་རི་ཡཱའི་ཡུལ་གྱར་བ་དེ་འཛམ་གླིང་ཡོངས་ཀྱི་ཡུལ་གྱར་བའི་ཚོགས་ཁག་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།