ཀྲུང་གོ་བོད་ཀྱི་དྲ་བ།

ཁོང་གོ་ཅིན་གྱི་ཤར་ཕྱོགས་ས་ཁུལ་ནས་བཙོན་མ་ཕྱིར་བྲོས་པའི་དོན་རྐྱེན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁོང་གོ་ཅིན་གྱི་ཤར་ཕྱོགས་ས་ཁུལ་གྱི་པེ་ཅི་ཝུའུ་ཞིང་ཆེན་གྱི་བཙོན་ཁང་ཞིག་ནས་ཚེས་བཅུ་གཅིག་ཉིན་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། བཙོན་མ་དགུ་བརྒྱ་ལྷག་ཕྱིར་བྲོས། འཇབ་རྒོལ་མཁན་དང་བདེ་འཇགས་སྡེ་ཁག་བར་འཁྲུག་རྩོད་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར།

པེ་ཅི་ཝུའུ་ཞིང་ཆེན་གྱི་ཧྲིན་ཀྲང་གིས་གསར་འགོད་པར་བཤད་རྒྱུར། ཐེངས་འདིའི་དོན་རྐྱེན་ལས་བསྡོམས་པས་བཙོན་མ་དགུ་བརྒྱ་དང་སུམ་ཅུ་ཕྱིར་བྲོས། རྐྱེན་ལམ་དུ་ཤོར་བའི་མི་བཅུ་གཅིག་ཁྲོད་བཙོན་ཁང་གི་ལྟ་རྟོག་པ་བརྒྱ་དང་འཇབ་རྒོལ་མཁན་གསུམ་ཡོད་ཟེར། ཁོས་བསྟན་དོན། འཇབ་རྒོལ་མཁན་གྱིས་མཚོན་ཆ་ཆེ་གྲས་བེད་སྤྱོད་བྱས་ཟེར།

མིག་སྔར་དཔོན་ཕྱོགས་ཀྱིས་འཇབ་རྒོལ་མཁན་གྱི་ཐོབ་ཐང་ཁྱབ་སྒྲོག་བྱས་མེད། བདེ་འཇགས་སྡེ་ཁག་གིས་བཤད་པ་ལྟར་ན། འཇབ་རྒོལ་དོན་རྐྱེན་དེ་ནི་དུས་ཡུན་རིང་བོར་ས་ཁུལ་དེར་འགུལ་སྐྱོད་བྱེད་པའི་ཝུ་ཀན་ཏཱའི་ངོ་ལོག་དྲག་ཆས་པ་དང་ས་དེའི་དམངས་དམག་དྲག་ཆས་པས་བསླངས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། བཙོན་ཁང་ནས་ཕྱིར་བྲོས་པའི་བཙོན་མ་དགུ་བརྒྱ་དང་སུམ་ཅུའི་མང་ཆེ་བ་ནི་ཝུ་ཀན་ཏཱའི་ངོ་ལོག་དྲག་ཆས་པ་དང་ས་དེའི་དམངས་དམག་གི་དྲག་ཆས་པའི་ཁོངས་མི་རེད། ཁོ་ཚོས་ས་དེའི་མི་སེར་དཀྱུས་མ་དམར་གསོད་བཏང་བར་སྐྱོན་འཛུགས་ཐེབས་པ་དང་། བཙོན་མ་ཁག་ཅིག་གི་ཁྲིམས་གཅོད་ལས་རིམ་སྤེལ་བཞིན་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།