ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་མུ་མཐུད་དུ་དབུས་ཤར་གྱི་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་གཉིས་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཉེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་གྱི་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ལ་མི་ཁ་འཁོར་བར་སེམས་ཁུར་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་སོ་སོས་མུ་མཐུད་དུ་ལས་ཁུངས་དེའི་བྱ་བར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་ཟེར།

ཅཱ་ཧྲ་ས་ཁུལ་དུ་བཙུགས་ཡོད་པའི་དབུས་ཤར་གྱི་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡིས་ཚེས་དགུའི་ཉིན་བཤད་རྒྱུར། བཟོ་སྐྲུན་ཞིག་ལག་བསྟར་བྱེད་སྐབས་ཅཱ་ཧྲ་ས་ཁུལ་གྱི་ཡུལ་གྱར་བའི་སྒར་ས་ཞིག་གི་སློབ་གྲྭ་ནས་ས་འོག་ཕུག་ལམ་རྙེད་པར་བཤད་པ་དང་། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་བཅུ་གཅིག་ཉིན་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཅཱ་ཧྲ་ས་ཁུལ་དུ་ཡོད་པའི་སློབ་གྲྭ་བེད་སྤྱད་དེ་ས་འོག་ཕུག་ལམ་བརྐོས་པར་རྒོལ་གཏམ་བཏང་བ་དང་། དབུས་ཤར་གྱི་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ལ་སྐྱོན་བརྗོད་བྱས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་གཞོན་པ་ཧཱ་ཁི་ཡིས་ཚེས་བཅུ་གཉིས་ཉིན་རྒྱུན་ལྡན་གྱི་སྒྲོག་སྤེལ་ཚོགས་འདུའི་སྟེང་གསལ་སྒྲོག་དེ་སྒྲོག་འདོན་བྱས། དབུས་ཤར་གྱི་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡིས་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བ་ཁྲི་སྟོང་མང་བོར་སྲུང་སྐྱོབ་བྱེད་ཆེད་བྱ་བའི་འགན་གཙོ་བོ་ཁུར་ཡོད་པ་དང་། ཀུའུ་ཐི་ལོས་སི་ཡིས་དེར་རྒྱབ་སྐྱོར་དང་གཟེངས་བསྟོད་བྱེད་བཞིན་ཡོད། དབུས་ཤར་གྱི་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡིས་འཁྲུག་རྩོད་བྱུང་སར་བྱ་བ་སྤེལ་ཏེ། ཡུལ་གྱར་བའི་བྱིས་པ་འབུམ་ལྔ་ལ་སློབ་གསོ་འདོན་སྤྲོད་བྱས་པ་དང་། དེའི་སློབ་གསོ་དང་རྒུད་སྐྱོབ་བྱ་འགུལ་དེ་ས་ཁུལ་དེའི་བརྟན་འཇགས་ཐད་གལ་འགངས་ཧ་ཅང་ཆེ་ཟེར།

ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་མུ་མཐུད་དུ་ལས་ཁུངས་དེར་རྒྱབ་སྐྱོར་བྱས་ཏེ། ལས་ཁུངས་དེས་དྲང་བདེན་དང་ཕན་ནུས་ལྡན་པའི་སྒོ་ནས་མི་ཆོས་རིང་ལུགས་ཀྱི་བྱ་བའི་ལས་འགན་ཡོངས་འགྲུབ་བྱེད་པ་དང་། ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བར་རོགས་རམ་བྱས་ནས། དྲང་བདེན་དང་ཡུན་རིང་བའི་ཡུལ་གྱར་བའི་གནད་དོན་ཐག་གཅོད་བྱེད་པའི་བྱེད་ཐབས་འཚོལ་ཞིབ་བྱེད་དུ་འཇུག་དགོས་ཟེར།

ཧཱ་ཁི་ཡིས་བཤད་རྒྱུར། དབུས་ཤར་གྱི་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཧཱ་མཱ་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གྲྭ་ནས་ས་འོག་ཕུག་ལམ་བརྐོས་ནས། སློབ་གྲྭའི་དགེ་སློབ་ཚང་མ་ཉེན་ཁའི་གནས་སུ་བསྐྱལ་བར་རྒོལ་གཏམ་དྲག་པོ་བཏང་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་བྱེད་ཐབས་སྤྱད་དེ་ས་འོག་ཕུག་ལམ་གྱི་ཁ་གཅོད་བཞིན་ཡོད་པ་དང་། རིགས་དེ་མཚུངས་ཀྱི་དོན་དག་ཡང་བསྐྱར་མི་འབྱུང་བར་ཁག་ཐེག་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།