ཀྲུང་གོ་བོད་ཀྱི་དྲ་བ།

སྐོར་ཐེངས་ལྔ་བའི་སི་རི་ཡཱའི་གནད་དོན་གྱི་ཨ་སི་ཐཱ་ནཱའི་ཞི་བའི་གྲོས་མོལ་ཟླ་བདུན་པའི་ཟླ་མགོར་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧཱ་སག་རྒྱལ་སྤྱིའི་འཕྲིན་གཏོང་ཁང་གིས་ཚེས་བཅུ་དགུའི་ཉིན་བསྒྲགས་པ་ལྟར་ན། ཧཱ་སག་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡིས་ཉེ་སྔོན་ཨུ་རུ་སི་དང་ཐུར་ཁེ། དབྱི་ལིང་ཕྱི་འབྲེལ་པུའུ་བཅས་ཀྱིས་ཐུན་མོང་གི་ལྟ་ཚུལ་བཀོད་དེ། ཟླ་བདུན་པའི་ཚེས་བཞི་ནས་ཚེས་ལྔ་ཉིན་བར་སྐོར་ཐེངས་ལྔ་བའི་སི་རི་ཡཱའི་གནད་དོན་གྱི་ཨ་སི་ཐཱ་ནཱའི་ཞི་བའི་གྲོས་མོལ་སྤེལ་རྒྱུ་ཐག་བཅད་ཡོད་ཟེར།

ཞི་བའི་གྲོས་མོལ་གྱི་སྐབས་སུ། གྲོས་ཚོགས་ལ་ཞུགས་པའི་ཕྱོགས་ཁག་སོ་སོས་སི་རི་ཡཱའི་གནས་བབ་དང་བཀོད་པའི་གྲོས་མཐུན་གྱི་དངོས་འབེབ་གནས་ཚུལ། དེ་མིན་སི་རི་ཡཱ་རུ་འཁྲུག་རྩོད་ཞི་འཇགས་སུ་གཏོང་བའི་ས་ཁུལ་འཛུགས་པ་སོགས་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད། སི་རི་ཡཱའི་འཁྲུག་རྩོད་མཚམས་འཇོག་པར་འགན་སྲུང་བྱེད་པའི་ཨུ་རུ་སི་དང་ཐུར་ཁེ། དབྱི་ལིང་བཅས་ཀྱིས་སི་རི་ཡཱའི་འཁྲུག་རྩོད་ཞི་འཇགས་སུ་གཏོང་བའི་ས་ཁུལ་འཆར་འགོད་བྱེད་པའི་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱེད་རྒྱུ་མ་ཟད། སི་རི་ཡཱའི་འཁྲུག་རྩོད་ཞི་འཇགས་སུ་གཏོང་བའི་ས་ཁུལ་འཛུགས་པའི་བཟོད་སྒོམ་བརྗེད་ཐོའི་ཁྱབ་ཁོངས་ནས། བཀག་རྒྱ་མེད་པར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པ་དང་རྨང་གཞིའི་སྒྲིག་ཆས་སླར་གསོ་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།

ཧཱ་སག་སི་ཐན་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་དང་པོ་ཐི་ལེ་ཝུའུ་པེ་ཁི་ཏི་ཡིས་བསྟན་དོན། སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གི་འཐུས་མི་སྐོར་ཐེངས་འདིའི་ཞི་བའི་གྲོས་མོལ་ལ་ཞུགས་པར་གདན་ཞུ་བྱས་ཡོད་ཟེར། ཁོས་ཨུ་རུ་སི་དང་ཐུར་ཁེ། དབྱི་ལིང་བཅས་ཀྱིས་ཕྱི་འབྲེལ་པུའུ་ཡི་མཐོ་རིམ་འཐུས་མི་མངག་ནས་སྐོར་ཐེངས་འདིའི་ཞི་བའི་གྲོས་མོལ་ལ་ཞུགས་སུ་འཇུག་རྒྱུ་ཡིན་པ་བདེན་དཔང་བྱས།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།