ཀྲུང་གོ་བོད་ཀྱི་དྲ་བ།

ཧིན་རྡུ་ཉི་ཞི་ཡཱའི་ཕྱི་འབྲེལ་བློན་ཆེན་གྱིས་རྒྱལ་ཁབ་གསུམ་གྱི་གྲོས་ཚོགས་བསྡུས་ཏེ་མཱ་ལཱ་ཝེའི་ཉམས་ཉེན་ལ་གྲོས་བསྡུར་བྱེད་རྒྱུའི་གྲོས་གཞི་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧིན་རྡུ་ཉི་ཞི་ཡཱའི་ཕྱི་འབྲེལ་བློན་ཆེན་ལོས་ཐི་ནོའུ་ཡིས་ཚེས་ཉི་ཤུའི་ཉིན་ཁྱབ་སྒྲོག་བྱས་དོན། ཁོ་མོས་ཙུང་ཐུང་ཙོ་ཁི་ལ་སྙན་ཞུ་བྱས་དོན། ཧིན་རྡུ་ཉི་ཞི་ཡཱ་ཡིས་ཉིན་འགའི་རྗེས་སུ་ཧྥེ་ལེ་པེན་དང་མཱ་ལེ་ཞི་ཡཱ་རྒྱལ་ཁབ་གཉིས་དང་མཉམ་དུ་མཱ་ལཱ་ཝེའི་ཉམས་ཉེན་གྱི་ཕྱོགས་གསུམ་རྒྱལ་སྤྱིའི་གྲོས་ཚོགས་བསྡུས་ཏེ། ས་ཁུལ་དེའི་འཇིགས་སྐུལ་ཉེས་ཅན་ཇི་ལྟར་ཚར་གཅོད་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། བྲེལ་མྱུར་གྱི་མཉམ་ལས་རྐྱེན་སྲོལ་ཆགས་པར་བྱས་ནས་རྒྱལ་ཁབ་གསུམ་གྱི་མཉམ་སྤྱོད་ས་ཁོངས་སུ་ཉིན་རེར་ཁ་དར་བཞིན་པའི་འཇིགས་སྐུལ་རིང་ལུགས་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

བུད་མེད་ཕྱི་འབྲེལ་བློན་ཆེན་དེས་བཤད་པ་ལྟར་ན། གྲོས་ཚོགས་ལ་ཞུགས་མཁན་ལ་རྒྱལ་ཁབ་གསུམ་གྱི་རྒྱལ་སྲུང་བློན་ཆེན་ཡོད་པ་ལས་གཞན། ཧིན་རྡུ་ཉི་ཞི་ཡཱའི་ཉེན་རྟོག་པའི་སྤྱི་ཁྱབ་དཔོན་པོ་དང་། ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ཁབ་འཇིགས་སྐུལ་ངོ་རྒོལ་ལས་དོན་ཅུའུ་ཡི་ཅུའུ་ཀྲང་འདུས་པའི་རྒྱལ་ཁབ་གསུམ་གྱི་འཇིགས་སྐུལ་ངོ་རྒོལ་ལས་ཁུངས་ཀྱི་འགན་ཁུར་བ་ཡོད་ཟེར། ཧིན་རྡུ་ཉི་ཞི་ཡཱའི་ཕྱི་འབྲེལ་བློན་ཆེན་གྱིས་ནན་གྱིས་བསྟན་དོན། ཐེངས་འདིའི་རྒྱལ་ཁབ་གསུམ་གྱི་གྲོས་ཚོགས་བསྡུས་པ་དེར་ཧིན་རྡུ་ཉི་ཞི་ཡཱ་ཡིས་གྲོས་གཞི་བཏོན་པ་ཡིན་ཡང་། མིག་སྔར་ཧྥེ་ལེ་པེན་གྱི་བཀག་སྡོམ་གནས་བབ་འོག་རྒྱལ་སྲུང་བློན་ཆེན་རང་གི་མངའ་ཁོངས་དང་འབྲལ་བར་སྟབས་བདེ་མིན་པས། གྲོས་ཚོགས་དེ་ཧྥེ་ལེ་པེན་གྱི་རྒྱལ་ས་མཱ་ནེ་ལཱ་ནས་སྤེལ་རྒྱུ་ཡིན་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།