ཀྲུང་གོ་བོད་ཀྱི་དྲ་བ།

པུའུ་ལུའུ་སེར་ཀྲུང་དབྱང་མེ་འཁོར་ས་ཁུལ་ནས་འགས་གཏོར་དོན་རྐྱེན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པུ་ལི་ཧྲི་རྒྱལ་ཕྲན་མཉམ་འབྲེལ་ཞིབ་དཔྱོད་ཁང་གིས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་བསྒྲགས་པའི་གནས་ཚུལ་ལྟར་ན། ལོ་སུམ་ཅུ་ལྷག་ཡིན་པའི་སྐྱེས་པ་ཞིག་གིས་ཉིན་དེའི་དགོང་མོར་པུའུ་ལུའུ་སེར་ཀྲུང་དབྱང་མེ་འཁོར་ས་ཁུལ་ནས་རང་གིས་བཟུང་བའི་འགད་རྫས་འགས་གཏོར་བཏང་ཡང་། མི་སྣར་ཤི་རྨས་བཟོས་མེད། སྐྱེས་པ་དེར་དམག་མིའི་མེ་མདས་ཕོག་ཡོད་ཟེར།

པུ་ལི་ཧྲི་རྒྱལ་ཕྲན་མཉམ་འབྲེལ་ཞིབ་དཔྱོད་ཁང་གི་མགྲིན་ཚབ་པ་ཞི་ཕུའུ་ཐི་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཉིན་དེའི་དགོང་མོའི་དུས་ཚོད་བརྒྱད་དང་སྐར་མ་སུམ་ཅུའི་ཡས་མས་སུ་པུའུ་ལུའུ་སེར་ཀྲུང་དབྱང་མེ་འཁོར་ས་ཚིགས་ཀྱི་འགས་གཏོར་དོན་རྐྱེན་དེ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དུ་གཏོགས་ཟེར།

ཞི་ཕུའུ་ཐི་ཡིས་བཤད་རྒྱུར། འགས་གཏོར་དོན་རྐྱེན་ལས་མི་གཞན་པར་ཤི་རྨས་ཐེབས་མེད། མིག་སྔར་ཞིབ་དཔྱོད་ཕྱོགས་ཀྱིས་དོགས་ཡོད་ཉེས་ཅན་གྱི་ཐོབ་ཐང་གསལ་བོར་ཤེས་མེད་པ་དང་། དེར་ལག་རོགས་པ་གཞན་པ་ཡོད་མེད་ཀྱང་གསལ་བོར་མི་ཤེས་ཟེར།

པུ་ལི་ཧྲིའི་ཉེན་རྟོག་ཕྱོགས་ཀྱིས་བསྟན་དོན། མིག་སྔར་གནས་བབ་ལ་ཚོད་འཛིན་བྱུང་ཡོད་ཟེར། ཡིན་ཡང་པུའུ་ལུའུ་སེར་སྲང་ལམ་དུ་ཉེན་རྟོག་པ་དང་ཉེན་རྟོག་པའི་རླངས་འཁོར་མང་བོ་མཐོང་ཐུབ་པ་དང་། ཉེན་རྟོག་པའི་གྱེན་འཕུར་གནམ་གྲུས་སྔར་བཞིན་གྲོང་ཁྱེར་གྱི་མཁའ་དབྱིངས་སུ་ལྡིང་སྐོར་བྱེད་བཞིན་ཡོད། མིག་སྔར་ཀྲུང་དབྱང་མེ་འཁོར་ས་ཚིགས་གྱི་མེ་འཁོར་ཚང་མ་མཚམས་བཞག་པ་དང་། ས་ཚིགས་དེ་བརྒྱུད་པའི་ས་འོག་ལྕགས་ལམ་ཡང་མཚམས་བཞག་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།