ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱིས་མཐའ་མཚམས་ཀྱི་བརྡ་འཕྲིན་མཉམ་སྤྱོད་དང་དྲ་བའི་འཇིགས་སྐུལ་ངོ་རྒོལ་ལ་ཤུགས་སྣོན་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁི་ཡིས་ཚེས་ཉེར་གཉིས་ཉིན་པུའུ་ལུའུ་སེར་ནས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་ཉིན་དེར་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྟེང་མཐའ་མཚམས་ཀྱི་བརྡ་འཕྲིན་མཉམ་སྤྱོད་དང་དྲ་བའི་འཇིགས་སྐུལ་ངོ་རྒོལ་ལ་ཤུགས་སྣོན་པར་གཅིག་གྱུར་འཐད་པ་བྱུང་།

ཐུའུ་སི་ཁི་ཡིས་ཉིན་དེའི་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། འཇིགས་སྐུལ་རིང་ལུགས་ནི་སྔར་བཞིན་ཡོ་རོབ་གླིང་བདེ་འཇགས་ཀྱི་འཇིགས་ཉེན་ཆེན་པོ་ཞིག་ཡིན་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཐའ་མཚམས་ཀྱི་བརྡ་འཕྲིན་མཉམ་སྤྱོད་མ་ལག་ལ་ཡར་སྐུལ་བཏང་སྟེ། མཉམ་གཅིག་ཏུ་དབུས་ཤར་ས་ཁུལ་གྱི་འཐབ་འཁྲུག་ལ་ཞུགས་པའི་འཇིགས་སྐུལ་ཉེས་ཅན་དག་ཕྱིར་ཡོ་རོབ་གླིང་དུ་ཡོང་བར་བཀག་འགོག་བྱེད་པར་གཅིག་གྱུར་ཡིད་འཐད་བྱུང་།

ཐུའུ་སི་ཁི་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་ད་རུང་དྲ་རྒྱའི་འཇིགས་སྐུལ་ངོ་རྒོལ་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཐག་བཅད། ཡོ་རོབ་གླིང་མནའ་འབྲེལ་གྱིས་སྤྱི་ཚོགས་འབྲེལ་འདྲིས་སྨྱན་བྱད་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་འཇིགས་སྐུལ་རིང་ལུགས་ཀྱི་ནང་དོན་དེ་དྲ་ཐོག་ཏུ་དྲིལ་སྒྲོག་བྱེད་པར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། དེ་ལས་ཡོ་བྱད་གསར་བ་གསར་སྤེལ་བྱས་ཏེ་རང་འགུལ་གྱིས་དཔྱད་ཞིབ་དང་འབྲེལ་ཡོད་ནང་དོན་འདོར་རྒྱུ་ཡིན་པ་མཚོན་ཡོད། ཁོས་བསྟན་དོན། གལ་ཏེ་དགོས་མཁོ་ཡོད་ན་ཡོ་རོབ་གླིང་མནའ་འབྲེལ་གྱིས་འབྲེལ་ཡོད་ཀྱི་ཁྲིམས་འཛུགས་བྱེད་ཐབས་སྤྱོད་པར་གྲ་སྒྲིག་བྱེད་རྒྱུ་ཡིན་ཟེར།

ཐུའུ་སི་ཁི་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་ཉིན་དེར་འགོག་སྲུང་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཡུན་རིང་གི་འགོག་སྲུང་མཉམ་ལས་རྐྱེན་སྲོལ་འཛུགས་དགོས་པར་འདོད། ཁོས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མ་འགོག་སྲུང་མཉམ་ལས་རྐྱེན་སྲོལ་ནང་འཇོག་དགོས་པ་དང་། རྗེས་ནས་རྒྱལ་ཁབ་སོ་སོས་མཉམ་ལས་དེའི་ཐད་བྱེ་བྲག་ཏུ་གྲོས་མོལ་བྱེད་དགོས་ཟེར།

མཐོ་རིམ་གྲོས་ཚོགས་མ་བསྡུས་གོང་ཐུའུ་སི་ཁི་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པར་བསྐུར་བའི་གདན་ཞུའི་ཡི་གེའི་ནང་བསྟན་དོན། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འཐབ་འཁྲུག་ཁྲོད། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་ཚབ་བྱེད་མི་སྲིད་ཀྱང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཁོངས་གཏོགས་རྒྱལ་ཁབ་དག་ལ་རོགས་རམ་བྱས་ནས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འཐབ་འཁྲུག་དེར་རྒྱལ་ཁ་ལོན་པར་བྱས་ཆོག་ཟེར།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས་ཉེར་གཉིས་པུའུ་ལུའུ་སེར་ནས་ཚོགས་ཡུན་ཉིན་གཉིས་ཀྱི་མཐོ་རིམ་གྲོས་ཚོགས་བསྡུས་ཏེ། གཙོ་བོ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་དང་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བ། ཡུལ་གྱར་བའི་ཉམས་ཉེན། དཔལ་འབྱོར་དང་ཉོ་ཚོང་སོགས་གྲོས་གཞིར་གྲོས་བསྡུར་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།