ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་ནས་སྣུམ་འདྲུད་རླངས་འཁོར་འགས་གཏོར་བྱུང་སྟེ་ཉུང་མཐར་ཡང་མི་བརྒྱ་དང་ཉེར་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར། སྣུམ་འདྲུད་རླངས་འཁོར་ཞིག་ཕཱ་ཁི་སི་ཐན་གྱི་ཕང་ཀྲི་ཕུའུ་ཞིང་ཆེན་གྱི་པཱ་ཧཱ་ཝ་ཨར་པུའུ་ཨར་གྲོང་ཁྱེར་གྱི་གཞུང་ལམ་སྟེང་ལོག་ནས་མེར་འབར་ཏེ་འགས་གཏོར་བྱུང་། དོན་རྐྱེན་དེ་ལས་ཉུང་མཐར་ཡང་མི་བརྒྱ་དང་ང་གསུམ་རྐྱེན་ལམ་དུ་ཤོར། གཞན་ཡང་མི་བརྒྱ་ཙམ་ལ་རྨས་ཕོག་ཡོད། དེའི་ནང་མི་བཅུ་ཕྲག་འགའི་རྨས་སྐྱོན་ཚབས་ཆེན་ཡིན་པས་འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་ངེས་རེད།

ཚེས་ཉེར་ལྔ་ཉིན་གྱི་ཞོགས་པར་འབར་སྣུམ་ཧྲིན་ཁྲི་བཞི་དྲུད་པའི་རླངས་འཁོར་ཞིག་ཕཱ་ཁི་སི་ཐན་གྱི་ཕང་ཀྲི་ཕུའུ་ཞིང་ཆེན་གྱི་པཱ་ཧཱ་ཝ་ཨར་པུའུ་ཨར་ས་ཁུལ་ནས་ལོག་པ་རེད། དོན་རྐྱེན་བྱུང་རྗེས། ཉེ་འདབས་ཀྱི་སྡེ་མི་དང་ལམ་འགྲོ་བ་དག་གིས་ཉེན་རྟོག་པའི་བཀག་འགོག་ལ་མ་འཛེམ་པར་སྣོད་ཆས་མང་བོ་བཟུང་ནས་སྣུམ་འདྲུད་རླངས་འཁོར་ལས་བཞུར་བའི་འབར་སྣུམ་བླངས་པ་རེད།

ས་དེའི་ཉེན་རྟོག་དཔོན་པོས་བསྟན་དོན། སྣུམ་འདྲུད་རླངས་འཁོར་དེ་ལོག་ནས་སྐར་མ་བཅུ་ཙམ་འགོར་རྗེས་འགས་གཏོར་བྱུང་བ་དང་། འགས་གཏོར་ལས་བྱུང་བའི་མེ་ཕུང་ཆེན་པོས་མང་ཚོགས་ཁྱུར་མིད་བྱས་པ་རེད། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། ཡུལ་དངོས་སུ་མི་རེ་འགས་དུ་བ་འཐེན་པས་གནོད་འཚེ་རང་བཞིན་གྱི་མེ་སྐྱོན་དེ་འདྲ་བྱུང་བ་རེད།

མེ་གསོད་མི་སྣས་དུས་ཚོད་གཉིས་ཙམ་ལ་བརྩོན་པ་བྱས་མཐར་ད་གཟོད་མེ་བསད་པ་རེད། མེ་སྐྱོན་དེ་ལས་ད་རུང་གློག་སྒུལ་འཕྲུལ་རྟ་དོན་ལྔ་དང་རླངས་འཁོར་དྲུག་ལ་གཏོར་བརླག་ཐེབས།

ས་དེའི་མིང་བཤད་མི་འདོད་པའི་སྨན་པ་ཞིག་གིས་བཤད་རྒྱུར། མི་བརྒྱ་ལྷག་གི་ལུས་ཀྱི་བརྒྱ་ཆའི་བརྒྱད་ཅུ་མེར་བསྲེག་ཡོད་པ་དང་། ཁོ་ཚོས་ས་དེའི་སྨན་ཁང་དུ་གསོ་བཅོས་རགས་ཙམ་བྱས་རྗེས་མུའུ་ཨར་ཐན་དང་པཱ་ཧཱ་ཝ་ཨར་པུའུ་ཨར་གྱི་ཅུང་ཆེ་བའི་སྨན་ཁང་ཞིག་ཏུ་སྐྱེལ་རྒྱུ་རེད།

ཕཱ་ཁི་སི་ཐན་གྱི་ཙུང་ཐུང་ཧི་སེ་ཡུན་དང་ཙུང་ལི་ཞེ་ལི་ཧྥུའུ་གཉིས་ཀྱིས་སྣུམ་འདྲུད་རླངས་འཁོར་འགས་གཏོར་བྱུང་བ་ལས་ཤི་རྨས་ཚབས་ཆེན་བཟོས་པ་ཡིད་སྐྱོ་བའི་ཚུལ་བསྟན་པ་དང་། འབྲེལ་ཡོད་སྡེ་ཁག་གིས་ཤུགས་ཆེན་པོས་རྨས་མར་མྱུར་སྐྱོབ་བྱེད་དགོས་པའི་རེ་བ་བཏོན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།