ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཨར་ཏའོ་ཨན་གྱིས་འབྲེལ་ཐག་བཅད་པའི་ཉམས་ཉེན་ཐག་གཅོད་བྱེད་པའི་རེ་བ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་ཉེར་ལྔ་ཉིན་འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཁཱ་ཐར་ལ་བཏོན་པའི་འབྲེལ་ཐག་བཅད་པའི་ཉམས་ཉེན་ཐག་གཅོད་བྱེད་པར་དམིགས་པའི་རེ་བ་རབ་དང་རིམ་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་པར་སྐྱོན་འཛུགས་བྱས།

ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་དབྱི་སི་ཐན་པོར་ནས་གསར་འགྱུར་ལས་རིགས་ལ་བསྟན་དོན། འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཁཱ་ཐར་ལ་བཏོན་པའི་རེ་བ་བཅུ་གསུམ་པོ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད། འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཁཱ་ཐར་གྱིས་རང་གི་མངའ་ཁོངས་སུ་ཐུར་ཁེའི་དམག་དོན་རྟེན་གཞི་འཛུགས་སྐྲུན་བྱེད་མཚམས་འཇོག་དགོས་པའི་རེ་བ་བཏོན་པའི་ཐད་ནས་ཨེ་ཨར་ཏའོ་ཨན་གྱིས་བཤད་རྒྱུར། ང་ཚོས་རྒྱལ་ཁབ་གང་རུང་བར་རྒྱལ་སྲུང་མཉམ་ལས་གྲོས་མཐུན་བཀོད་ན་རྒྱལ་ཁབ་གཞན་པའི་ཆོག་མཆན་ཐོབ་དགོས་པ་ཡིན་ནམ་ཟེར།

ཟླ་འདིའི་ཚེས་ལྔ་ཉིན། སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། པཱ་ལིན། ཨེ་ཅིབ་སོགས་ཀྱིས་ཁཱ་ཐར་གྱིས་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱས་ཏེ་ས་ཁུལ་གྱི་བདེ་འཇགས་ལ་གཏོར་བརླག་བྱས་པ་རྒྱུ་མཚན་དུ་བྱས་ཏེ། ཁཱ་ཐར་བར་གྱི་འབྲེལ་ཐག་བཅད་པ་དང་། ཁཱ་ཐར་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པ་རེད།

ཉེ་སྔོན་སོ་ཏི་ཨ་རབ་སོགས་རྒྱལ་ཁབ་བཞི་ཡིས་ཁི་ཝེ་ཐི་ནས་ཁཱ་ཐར་ལ་རེ་བ་བཅུ་གསུམ་བཏོན་ནས་འབྲེལ་ཐག་བཅད་པའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཆ་རྐྱེན་དུ་བྱས་པ་དང་། ཁཱ་ཐར་གྱིས་ཉིན་བཅུའི་ནང་གོང་སྨྲས་ཀྱི་རེ་བ་དེ་དག་བསྐང་དགོས་པའི་ཚུལ་བསྟན། རེ་བ་དེ་དག་ལ་ཁཱ་ཐར་གྱིས་དབྱི་ལིང་དུ་སྡོད་པའི་ཕྱི་འབྲེལ་མི་སྣ་ཕྱིར་འཐེན་བྱས་ཏེ་དབྱི་ལིང་བར་གྱི་དམག་དོན་མཉམ་ལས་མཚམས་འཇོག་པ་དང་། ཕྱེད་གླིང་བརྙན་འཕྲིན་ཁང་དང་དེའི་ཁོངས་གཏོགས་ཀྱི་འཕྲིན་ལམ་སྒོ་བརྒྱག་པ། ཁཱ་ཐར་མངའ་ཁོངས་ནས་ཐུར་ཁེའི་དམག་དོན་རྟེན་གཞི་འཛུགས་སྐྲུན་བྱེད་མཚམས་འཇོག་པ་སོགས་འདུས།

ཁཱ་ཐར་ཕྱོགས་ཀྱིས་བསྟན་དོན། སོ་ཏི་ཨ་རབ་སོགས་རྒྱལ་ཁབ་ཀྱིས་བཏོན་པའི་རེ་བ་དེ་དག་གིས་ཁཱ་ཐར་གྱི་བདག་དབང་ལ་ཚོད་འཛིན་ཐེབས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།