ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་རྒྱལ་ཁབ་སོ་སོས་དུག་རྫས་གང་འདོད་དུ་བཀོལ་བ་དང་ཁྲིམས་འགལ་གྱིས་ལྐོག་འཚོང་བྱེད་པར་ཆམ་ཕབ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

资料图:联合国秘书长古特雷斯。.jpg

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡི་རྒྱུ་ཆའི་པར་རིས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་ནི་རྒྱལ་སྤྱིའི་དུག་འགོག་ཉིན་མོ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཉིན་དེར་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་ན་ནིང་འཛམ་གླིང་དུག་རྫས་གནད་དོན་གྱི་དམིགས་བསལ་ཚོགས་ཆེན་སྟེང་ཁས་ལེན་བྱས་པའི་དམ་བཅའ་ལག་བསྟར་བྱས་ཤིང་། མཐུན་སྦྱོར་དང་དོ་མཉམ། ཡོངས་ཁྱབ་ཀྱི་འགུལ་སྐྱོད་སྤེལ་ཏེ་དུག་རྫས་གནད་དོན་ལ་རྒྱུན་མཐུད་ཀྱི་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ཉིས་སྟོང་བཅུ་དྲུག་ལོའི་འཛམ་གླིང་དུག་རྫས་གནད་དོན་གྱི་དམིགས་བསལ་ཚོགས་ཆེན་ནི་སྒོ་འབྱེད་རང་བཞིན་གྱི་གྲོས་ཚོགས་ཤིག་ཡིན་པ་དང་། ཕྱིན་ཆད་ཀྱི་བྱ་བར་ཇུས་གཞི་གསལ་བོར་བཀོད་ཡོད། རྒྱལ་ཁབ་སོ་སོས་ངེས་པར་དུ་མཉམ་དུ་འབད་བརྩོན་བྱས་ཏེ། དུག་རྫས་གང་འདོད་དུ་བཀོལ་བ་དང་ལྐོག་འཚོང་བྱེད་པར་ཆམ་ཕབ་གཏོང་དགོས། དེའི་ཞོར་དུ་དུག་རྫས་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་ལས་འདྲ་མཉམ་དང་འགྲོ་མིའི་ཐོབ་ཐང་། རྒྱུན་མཐུད་འཕེལ་རྒྱས་བཅས་ལ་ཡར་སྐུལ་བཏང་སྟེ། ཞི་བདེ་དང་བདེ་འཇགས་ལ་ཕན་ཐོགས་འབྱུང་བར་འགན་སྲུང་བྱེད་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་རང་ཉིད་ཀྱིས་ཕུའུ་ཐའོ་ཡཱའི་ཙུང་ལིའི་འགན་ཁུར་བའི་སྐབས་སུ་དུག་རྫས་གནད་དོན་ལ་དམིགས་པའི་བྱེད་ཐབས་རབ་དང་རིམ་པ་བཏོན་པར་ཕྱིར་དྲན་བྱས། དེའི་ནང་མི་སྒེར་གྱིས་དུག་རྫས་བཀོལ་བར་ཉེས་པ་མེད་པར་བྱས་པ་དང་། དུག་རྫས་ཀྱི་སྔོན་འགོག་དང་གསོ་བཅོས་ལ་ཤུགས་སྣོན་པ། དུག་རྫས་ཀྱི་གནོད་པ་ཇེ་ཉུང་དུ་གཏོང་བ། དུག་རྫས་ལོབས་མཁན་དག་ཡང་བསྐྱར་སྤྱི་ཚོགས་སུ་ཞུགས་པར་རོགས་རམ་བྱེད་པ་སོགས་འདུས། ཁོས་བཤད་རྒྱུར། ཉིས་སྟོང་གཅིག་ལོར་ཕུའུ་ཐའོ་ཡཱ་ནི་ཡོ་རོབ་གླིང་གི་དུག་རྫས་ལོངས་སུ་སྤྱོད་མཁན་ལས་ཨེ་ཙིའི་ནད་བྱུང་ཚད་ཆེས་མཐོ་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། གོང་གི་བྱེད་ཐབས་དེ་དག་ལ་བརྟེན་ནས་ཕུའུ་ཐའོ་ཡཱ་ནི་མིག་སྔར་ཡོ་རོབ་གླིང་གི་དུག་རྫས་ལོངས་སུ་སྤྱད་ནས་ཚེ་ལས་འདས་པའི་ཚད་ཆེས་དམའ་བའི་རྒྱལ་ཁབ་ཏུ་གྱུར་ཡོད་ལ། དུག་རྫས་བཀོལ་ཚད་ཀྱི་སྤྱིའི་ཚད་ཀྱང་ཇེ་དམའ་རུ་སོང་ཡོད་ཟེར། ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཕུའུ་ཐའོ་ཡཱ་ཡི་ཉམས་མྱོང་དེ་རྒྱལ་ཁབ་སོ་སོས་དཔྱད་གཞིར་བཟུང་ཆོག་པ་དང་། ཞོར་དུ་རྒྱལ་ཁབ་སོ་སོས་ངེས་པ་དོན་གྱི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་དགོ་པའི་སྐུལ་མ་བཏང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།