ཀྲུང་གོ་བོད་ཀྱི་དྲ་བ།

ཧྥེ་ལེ་པེན་སྲིད་གཞུང་གིས་མཱ་ལཱ་ཝེ་ནས་འཇིགས་སྐུལ་ཉེས་ཅན་སུམ་བརྒྱ་དང་ཞེ་གསུམ་བསད་པ་དང་མི་སེར་དཀྱུས་མི་སྟོང་གཅིག་དང་བདུན་བརྒྱ་ཉེར་གཉིས་བསྐྱབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥེ་ལེ་པེན་གྱི་ཙུང་ཐུང་བཞུགས་ཤག་གིས་ཚེས་ལྔ་ཉིན་གྱི་སྔ་དྲོར་བཤད་རྒྱུར། སྲིད་གཞུང་གིས་མཱ་ལཱ་ཝེ་ནས་གཙང་ཕྱགས་འགུལ་སྐྱོད་སྤེལ་བར་གྲུབ་འབྲས་ཆེན་པོ་ཐོབ། ཧྥེ་ལེ་པེན་གྱི་དྲག་ཆས་དམག་དཔུང་གིས་བཤད་རྒྱུར། ཚེས་བཞི་ཉིན་གྱི་དགོང་མོའི་དུས་ཚོད་དྲུག་བར། ཧྥེ་ལེ་པེན་དམག་ཕྱོགས་ཀྱིས་འཇིགས་སྐུལ་ཉེས་ཅན་སུམ་བརྒྱ་དང་ཞེ་གསུམ་བསད་པ་དང་། མཚོན་ཆ་བཞི་བརྒྱ་དང་ཉི་ཤུ་གཞུང་བཞེས་བྱས་པར་མ་ཟད། མི་སེར་དཀྱུས་མ་སྟོང་གཅིག་དང་བདུན་བརྒྱ་ཉེར་གཉིས་བསྐྱབས་ཟེར།

ཧྥེ་ལེ་པེན་ཙུང་ཐུང་བཞུགས་ཤག་གི་གསར་འགྱུར་པུའུ་ཡི་ཀྲུའུ་རིན་ལོ་མཱེ་ལོ་ཡིས་བཤད་རྒྱུར། མིག་སྔར་སྲིད་གཞུང་གིས་མཱ་ལཱ་ཝེའི་འཐབ་འཁྲུག་ཁྲོད་གྲུབ་འབྲས་ཆེན་པོ་བླངས་ཡོད། ཁྱད་པར་དུ་ཟླ་བདུན་པའི་ཚེས་བཞིའི་ཉིན་སྲིད་གཞུང་དམག་དཔུང་གིས་འཇིགས་སྐུལ་ཉེས་ཅན་གྱི་ལག་ནས་ཏན་སཱ་ལན་སློབ་གྲྭ་ཕྱིར་འཕྲོག་ལེན་བྱས། དེ་ནི་འཇིགས་སྐུལ་ཉེས་ཅན་གྱི་མཱ་ལཱ་ཝེ་རུ་ཡོད་པའི་སྦས་སྐོང་བྱེད་ས་གཙོ་བོ་ཞིག་རེད། ཧྥེ་ལེ་པེན་དྲག་ཆས་དམག་དཔུང་གི་མགྲིན་ཚབ་པ་ཕཱ་ཏིས་ལེ་ཡཱ་ཡིས་སྒྲོག་སྤེལ་ཚོགས་འདུའི་སྟེང་མཱ་ལཱ་ཝེའི་གཙང་ཕྱགས་འགུལ་སྐྱོད་ཀྱི་གནས་ཚུལ་གསར་བ་ཁྱབ་སྒྲོག་བྱེད་སྐབས་བསྟན་དོན། མིག་སྔར་མཱ་ལཱ་ཝེ་རུ་དམག་དོན་འགུལ་སྐྱོད་སྤེལ་ནས་ཉིན་ཞེ་བཞི་འགོར་འགོར་ཡོད་ཟེར།

བསྒྲགས་པ་ལྟར་ན། ཧྥེ་ལེ་པེན་དམག་ཕྱོགས་ཀྱིས་ཚེས་བཞིའི་ཉིན་འགུལ་སྐྱོད་ཁྲོད་བསྟན་དོན། བསད་པའི་འཇིགས་སྐུལ་ཉེས་ཅན་ཁྲོད་དུ་ཕྱི་རྒྱལ་གྱི་མི་གཉིས་ཡོད་པ་དང་། དེ་ལས་ཕྱི་རྒྱལ་གྱི་སྟོབས་ཤུགས་ཧྥེ་ལེ་པེན་ལྷོ་ཕྱོགས་ཀྱི་འཇིགས་སྐུལ་རྩ་འཛུགས་ནང་ཞུགས་ཡོད་པ་གསལ་བཤད་བྱེད་ཐུབ་ཟེར། མིག་སྔར་དམག་ཕྱོགས་ཀྱིས་མཱ་ལཱ་ཝེ་གྲོང་ཁྱེར་ནང་ཁུལ་གྱི་ཁང་བ་སོ་སོའི་ནང་སྔོག་བཤེར་བྱས་ཏེ་སྦས་སྐོང་བྱེད་པའི་འཇིགས་སྐུལ་ཉེས་ཅན་གཙང་ཕྱགས་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།