ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ཡིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཏིས་ལེ་སིན་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ཡིས་ཚེས་དགུའི་ཉིན་རྒྱལ་ས་ཅི་ཧྥུའུ་ནས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཏིས་ལེ་སིན་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་གྱི་མིག་སྔའི་ཁྱབ་ཁོངས་སོ་སོའི་བཅོས་བསྒྱུར་འཕེལ་རིམ་དང་ཆབ་སྲིད་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པ་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། པའོ་ལོ་ཧྲིན་ཁི་ཡིས་བལྟས་ན་ཕྱོགས་གཉིས་ཀྱི་ཐུག་འཕྲད་དེ་དུས་ལ་བབ་ཅིང་གྲུབ་འབྲས་ལྡན་པ་ཞིག་ཡིན་པར་འདོད།

པའོ་ལོ་ཧྲིན་ཁི་ཡིས་ཐུག་འཕྲད་བྱས་རྗེས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་བཤད་རྒྱུར། ཅང་མ་འགོར་བའི་སྔོན་ཝ་ཧྲིན་ཐོན་ནས་ཏིས་ལེ་སིན་ལ་ཐུག་འཕྲད་བྱས་མྱོང་། ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་དང་ཨ་མེ་རི་ཁའི་འབྲེལ་བའི་མདུན་ལྗོངས་དང་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐད་ནས་གྲོས་བསྡུར་བྱས། ཐེངས་འདིར་ཅི་ཧྥུའུ་ནས་ཐུག་འཕྲད་བྱེད་སྐབས། ཕྱོགས་གཉིས་ཀྱིས་གནད་དོན་དེ་དག་ལ་གྲོས་བསྡུར་ཞིབ་ཏུ་བྱས་ཡོད་ཟེར། པའོ་ལོ་ཧྲིན་ཁི་ཡིས་བལྟས་ན། ཏིས་ལེ་སིན་གྱིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཧན་པའོ་མཐོ་རིམ་གྲོས་ཚོགས་གྲོལ་མ་ཐག་མྱུར་དུ་ཝུའུ་ཁི་ལན་འཚམས་འདྲི་བྱས་པར་མཚོན་བྱེད་ཀྱི་དོན་སྙིང་གལ་ཆེན་ལྡན་པར་འདོད།

པའོ་ལོ་ཧྲིན་ཁི་ཡིས་བཤད་རྒྱུར། ཏིས་ལེ་སིན་གྱིས་ཁོ་ལ་ཨ་མེ་རི་ཁ་དང་ཨུ་རུ་སིའི་མགོ་ཁྲིད་པས་ཧན་པའོ་ནས་གྲོས་མོལ་བྱས་པའི་གནས་ཚུལ་དང་། ཁྱད་པར་དུ་ཝུའུ་ཁི་ལན་གྱི་ཉམས་ཉེན་ལ་འབྲེལ་བའི་ནང་དོན་མཚམས་སྦྱོར་བྱས་ཟེར། ཁོ་དང་ཏིས་ལེ་སིན་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ལངས་ཕྱོགས་མཐུན་སྦྱོར་བྱས་ཟེར། ཨ་མེ་རི་ཁས་གང་མགྱོགས་སྒོས་ཨུ་རུ་སི་དང་ཧྥ་རན་སི། འཇར་མན། ཝུའུ་ཁི་ལན་བཅས་ཕྱོགས་བཞིའི་གྲོས་མོལ་སྤེལ་བར་ཡར་སྐུལ་བཏང་ནས། ཝུའུ་ཁི་ལན་གྱི་ཉམས་ཉེན་གྱི་འབྲེལ་ཡོད་ཕྱོགས་སོ་སོས་མུ་མཐུད་དུ་གྲོས་མོལ་ལ་བརྟེན་ནས་མེན་སི་ཁིའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ནང་གཏན་འཁེལ་བྱས་པའི་དོན་ཚན་དངོས་སུ་ལག་བསྟར་བྱེད་པར་སྟབས་བདེ་བཟོ་འདོད་ཡོད་ཟེར།

པའོ་ལོ་ཧྲིན་ཁི་ཡིས་བསྟན་དོན། ཝུའུ་ཁི་ལན་ཕྱོགས་ཀྱིས་གང་མགྱོགས་སྒོས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་འདོད་ཡོད། རྒྱུ་མཚན་ནི་ཝུའུ་ཁི་ལན་གྱིས་ཉིན་རྒྱུན་འདིའི་ཐད་ལ་མི་ཤུགས་དང་རྒྱུ་ཤུགས་ཆེན་པོ་གཏོང་བཞིན་ཡོད་པས་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།