ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལེ་སི་ཡིས་དབྱི་རག་གི་མཱོ་སུའུ་ཨར་གྲོང་ཁྱེར་བཅིངས་འགྲོལ་ཐོབ་པར་དགའ་བསུ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚེས་བཅུ་ཉིན་གཏམ་བཤད་སྤེལ་ནས་གསལ་བསྒྲགས་སྤེལ་རྒྱུར། དབྱི་རག་གི་མའོ་སུའུ་ཨར་གྲོང་ཁྱེར་བཅིངས་འགྲོལ་ཐོབ་པ་དང་། དབྱི་སི་ལན་རྒྱལ་ཁབ་ཐལ་སྤྱོད་རྩ་འཛུགས་ཀྱི་དབང་སྒྱུར་ལས་གྲོལ་བར་དགའ་བསུ་ཞུས།

གསལ་བསྒྲགས་ཁྲོད་བཤད་རྒྱུར། མཱོ་སུའུ་ཨར་གྲོང་ཁྱེར་བཅིངས་འགྲོལ་བྱས་པ་ནི་འཇིགས་སྐུལ་རིང་ལུགས་དང་དྲག་ཆས་རྩ་འཛུགས་ལ་རྡུང་རྡེག་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཟེར། ཀུའུ་ཐི་ལེ་སི་ཡིས་དབྱི་རག་མི་དམངས་དང་སྲིད་གཞུང་གི་སྙིང་སྟོབས་དང་ཆོད་སེམས། བློ་རྩ་བརྟན་པོ་བཅས་ལ་གུས་འདུད་ཞུས་ཏེ། འཇིགས་སྐུལ་ལ་རྒོལ་བའི་འཐབ་རྩོད་ཁྲོད་རང་སྲོག་བློས་བཏང་བའི་འདས་པོ་རྣམས་ལ་མྱ་ངན་ཞུས་པར་མ་ཟད། རྨས་མ་རྣམས་མྱུར་མོར་བདེ་ཐང་ཡོང་བའི་སྨོན་འདུན་ཞུས།

གསལ་བསྒྲགས་ཁྲོད་བཤད་རྒྱུར། དབྱི་རག་ཡུལ་གྱར་བ་རྣམས་ཕྱིར་གཞིས་ཁྱིམ་དུ་ལོག་པ་དང་ཁྲིམས་ལུགས་བསྐྱར་འཛུགས་བྱེད་པ། དྲག་སྤྱོད་ལ་འགོག་རྒོལ་བྱེད་པ། ནག་ཉེས་བྱ་སྤྱོད་ལ་འགན་འཁྲི་རྩད་གཅོད་བྱེད་པ་བཅས་ཀྱི་དཀའ་ངལ་ལ་འཕྲད་བཞིན་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་རག་གི་ལས་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

དབྱི་རག་གི་ཙུང་ལི་ཨ་པ་ཏི་ཡིས་ཚེས་བཅུ་ཉིན་མཱོ་སུའུ་ཨར་གཡུལ་ས་ན་ཡོད་པའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དཔུང་གི་བཀོད་འདོམས་པུའུ་ནས་བསྒྲགས་དོན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་མཱོ་སུའུ་ཨར་གྲོང་ཁྱེར་ལ་དབང་སྒྱུར་བྱས་པ་རྩ་བ་ནས་མགོ་རྟིང་སློག་པས། གྲོང་ཁྱེར་འདི་རྩ་བ་ནས་བཅིངས་འགྲོལ་བྱས་པ་ཡིན་ཟེར།

མཱོ་སུའུ་ཨར་ནི་དབྱི་རག་གི་གྲོང་ཁྱེར་ཆེ་ཤོས་གཉིས་པ་དང་། ཉི་ཉི་ཝེ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཡིན་ལ། དེ་ནི་རྒྱལ་ས་པ་ཀི་ཏའི་བྱང་ཕྱོགས་ཀྱི་སྤྱི་ལེ་བཞི་བརྒྱའི་མཚམས་ན་ཡོད་ཅིང་། ཉིས་སྟོང་བཅུ་བཞི་ལོའི་ཟླ་དྲུག་པའི་ནང་དུ་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པས་བཙན་བཟུང་བྱས་ཏེ། དབྱི་སི་ལན་རྒྱལ་ཁབ་ཀྱིས་དབྱི་རག་གི་མངའ་ཁོངས་སུ་དབང་སྒྱུར་བྱེད་ཡུལ་ཆེ་ཤོས་སུ་གྱུར། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཅུ་བའི་ནང་དུ། དབྱི་རག་སྲིད་གཞུང་དམག་གིས་མཱོ་སུའུ་ཨར་གྲོང་ཁྱེར་ཕྱིར་འཕྲོག་པའི་དམག་དོན་སྦྱོར་བ་སྤེལ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།