ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཆེས་མཐོའི་འགོ་བ་ཤི་ཡོད་མེད་ལ་བདེན་དཔང་བྱེད་དཀའ་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་དམག་ཕྱོགས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་མིག་སྔར་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཆེས་མཐོའི་འགོ་བ་ཨ་པུའུ་པེ་ཁིར་པ་ཀི་ཏ་ཏེ་ཟེར་བ་དེ་ཤི་ཡོད་མེད་ལ་ད་དུང་བདེན་དཔང་བྱེད་དཀའ་ཟེར།

ཨ་མེ་རི་ཁའི་དམག་དཔུང་གི་དབྱི་རག་གི་ཆེས་མཐོའི་བཀོད་འདོམས་དཔོན་པོ་སི་ཐེ་ཧྥིན་ཐང་སིན་གྱིས་ཉིན་དེར་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་དགོས་མཁོ་ཅན་གྱི་ཆ་འཕྲིན་ཤེས་ཡོད་ནའང་། མིག་སྔར་པ་ཀི་ཏ་ཏེ་ཤི་ཡོད་མེད་ལ་བདེན་དཔང་བྱེད་དཀའ་ཟེར།

ཐང་སིན་གྱིས་ད་དུང་བཤད་རྒྱུར། ཟླ་སྔོན་མར་ཨུ་རུ་སིའི་གསར་འགྱུར་ལས་ཁུངས་ཀྱིས་པ་ཀི་ཏ་ཏེ་སི་རི་ཡ་ནས་ཨུ་རུ་སིའི་དམག་དཔུང་གི་བར་སྣང་འཇབ་རྒོལ་ཁྲོད་ཤི་ཡོད་སྲིད་ཅེས་བསྒྲགས་མོད། ཡིན་ནའང་ཨ་མེ་རི་ཁའི་དམག་དཔུང་ལ་འབྱོར་བའི་གནས་ཚུལ་ལྟར་ན། པ་ཀི་ཏ་ཏེ་ཨུ་རུ་སིའི་དམག་དཔུང་གི་བར་སྣང་འཇབ་རྒོལ་ཁྲོད་ནས་ཤི་མེད་ཟེར།

དབྱི་རག་གསར་འགྱུར་ལས་ཁུངས་ཀྱིས་ཚེས་བཅུ་གཅིག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པས་རྩ་འཛུགས་དེའི་ཆེས་མཐོའི་འགོ་བ་པ་ཀི་ཏ་ཏེ་ཤི་བ་ཁས་བླངས་པ་མ་ཟད། རྩ་འཛུགས་དེས་ཅང་མི་འགོར་བར་འགོ་བ་གསར་བ་གདམ་རྒྱུ་ཡིན་ཞེས་བཤད་ཟེར།

ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དེས་ཉིས་སྟོང་བཅུ་བཞི་ལོར་དབྱི་རག་གི་མཱོ་སུའུ་ཨར་གྲོང་ཁྱེར་བཙན་བཟུང་བྱས་རྗེས། པ་ཀི་ཏ་ཏེ་ཡིས་མཱོ་སུའུ་ཨར་གྱི་ནུའུ་ལེ་མུའུ་སི་ལིན་ཆོས་ཁང་ནས་དབྱི་རག་དང་སི་རི་ཡ་འཕྲེད་དུ་བརྒལ་བའི་ཧ་ལེ་ཧྥ་རྒྱལ་ཁབ་ཅེས་པ་བཙུགས་པ་ཁྱབ་སྒྲོག་བྱས། བཤད་ཚུལ་ལྟར་ན་པ་ཀི་ཏ་ཏེ་སྔོན་ནས་མཱོ་སུའུ་ཨར་ལས་བྲོས་ཏེ། དབྱི་རག་དང་སི་རི་ཡའི་མཐའ་མཚམས་ས་ཁུལ་དུ་བསྐུངས་ཡོད་ཟེར།

ཟླ་འདིའི་ཚེས་བཅུ་ཉིན། དབྱི་རག་གི་ཙུང་ལི་ཨ་པ་ཏེ་ཡིས་མཱོ་སུའུ་ཨར་ནས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་མཱོ་སུའུ་ཨར་གྱི་དབང་སྒྱུར་རྩ་རྫོགས་བྱས་པ་དང་། གྲོང་ཁྱེར་དེ་ཉིན་དེ་ནས་བཟུང་ཡོངས་སུ་བཅིངས་འགྲོལ་བྱས་པ་ཡིན་ཞེས་བསྒྲགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།