ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ལེ་སི་ཐན་གྱི་ཕྱི་འབྲེལ་དཔོན་པོས་ཞི་བའི་གྲོས་མོལ་ནི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱིས་ཞི་བདེ་མངོན་འགྱུར་བྱེད་པའི་ཐབས་ལམ་ཉག་གཅིག་ཡིན་པ་བསྐྱར་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕ་ལེ་སི་ཐན་གྱི་ཕྱི་འབྲེལ་དཔོན་པོ་མཱ་ལེ་ཅི་ཡིས་ཚེས་བཅུ་དྲུག་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་གྲོང་ཁྱེར་ལཱ་མུའུ་ཨན་ལཱ་ནས་ཞིན་ཧྭ་གསར་འགྱུར་ཁང་གི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ནི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་སླར་གསོ་བྱེད་པའི་རྨང་གཞི་ཡིན་ལ། ཞི་བའི་གྲོས་མོལ་ནི་ཞི་བདེའི་གྲོས་མཐུན་འགོད་པའི་ཐབས་ལམ་ཉག་གཅིག་ཡིན་ཞེས་བསྐྱར་སྒྲོག་བྱས།

མཱ་ལེ་ཅི་ཡིས་ཕ་ལེ་སི་ཐན་ཕྱོགས་ཀྱི་ཞི་བའི་གྲོས་མོལ་སླར་གསོ་བྱེད་པའི་ལངས་ཕྱོགས་ནི་སྔོན་ཆད་དང་འདྲ་སྟེ། དབྱི་སི་རལ་གྱིས་ཡ་ཧུ་ད་པའི་གཏན་སྡོད་བྱེད་ས་ལས་མཚམས་འཇོག་རྒྱུ་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་བརྩི་སྲུང་བྱེད་རྒྱུ་དེ་ཡིན་ཞེས་བཤད། དེ་དང་མཉམ་དུ་ཁོས་ཨ་མེ་རི་ཁས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་ཇི་ལྟར་སླར་གསོ་བྱེད་པའི་ཐད་ལྟ་ཚུལ་སྔར་ལས་གསལ་པོ་འདོན་རྒྱུའི་རེ་བ་བཏོན།

མཱ་ལེ་ཅི་ཡིས་བཤད་རྒྱུར། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱིས་ཉེ་སྔོན་བཀོད་པའི་གློག་ཤུགས་དང་ཚྭ་མེད་ཆུ་མཁོ་འདོན་གྱི་གྲོས་མཐུན་དེ་ཞི་བའི་གྲོས་མོལ་སླར་གསོ་བྱེད་པར་འབྲེལ་བ་མེད་པ་དང་། ཕ་ལེ་སི་ཐན་ཕྱོགས་ཀྱིས་དཔལ་འབྱོར་ལས་དོན་དེ་ཞི་བདེའི་འཕེལ་རིམ་དང་སྦྲེལ་བར་ངོ་རྒོལ་བྱེད་པ་ཡིན་ཟེར།

ཟླ་འདིའི་ཚེས་བཅུ་ཉིན། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་གློག་སྒྱུར་ས་ཚིགས་ཐོག་མ་དེ་ཅེ་ཉིན་ནས་བཀོལ་སྤྱོད་བྱེད་འགོ་བརྩམས་ལ། ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་བཀོད་པའི་གྲོས་མཐུན་ལྟར་ན། ཕ་ལེ་སི་ཐན་ཕྱོགས་ཀྱིས་ལོ་རེ་རེར་དབྱི་སི་རལ་གྱི་གློག་ཤུགས་སྤྱི་གཉེར་ཁང་ལ་ཡོ་སྒོར་བྱེ་བ་བཞི་དང་ས་ཡ་གཉིས་བྱིན་ནས་གློག་ཤུགས་ཉོ་དགོས། ཚེས་བཅུ་གསུམ་བསྒྲགས་པའི་གནས་ཚུལ་ལྟར་ན། ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ཚྭ་མེད་ཆུ་མཁོ་འདོན་གྱི་གྲོས་མཐུན་བཀོད་པ་དང་། དབྱི་སི་རལ་ཕྱོགས་ཀྱིས་ཚྭ་མེད་ཆུ་རྨིད་རྒྱ་དཔངས་གྲུ་བཞི་མ་བྱེ་བ་གསུམ་དང་ས་ཡ་གཉིས་བཙོང་ནས་ཕ་ལེ་སི་ཐན་གྱི་ཆུའི་ཐོན་ཁུངས་ཀྱི་ཉེན་ཚབས་ཐག་གཅོད་རྒྱུ་རེད།

ཕ་ལེ་སི་ཐན་དང་དབྱི་སི་རལ་གཉིས་ཀྱིས་ཉིས་སྟོང་བཅུ་གསུམ་ལོའི་ཟླ་བདུན་པར་ལོ་གསུམ་ལ་མཚམས་ཆད་པའི་ཞི་བའི་གྲོས་མོལ་སླར་གསོ་བྱེད་མོད། ཡིན་ནའང་ཕྱོགས་གཉིས་བར་དུ་ཡ་ཧུ་ད་པའི་གཏན་སྡོད་བྱེད་ས་ལས་པ་སོགས་གནད་དོན་ཐད་ནས་འགལ་བ་ཅུང་ཆེ་བས། ཞི་བའི་གྲོས་མོལ་དེ་ཉིས་སྟོང་བཅུ་བཞི་ལོའི་ཟླ་བཞི་བ་ནས་ད་བར་དུ་མཚམས་ཆད་ཡོད། ཕ་ལེ་སི་ཐན་ཕྱོགས་ཀྱིས་དབྱི་སི་རལ་གྱིས་ཡ་ཧུ་ད་པའི་གཏན་སྡོད་བྱེད་ས་ལས་མཚམས་ཡོངས་སུ་བཞག་ན་མ་གཏོགས། ཞི་བའི་གྲོས་མོལ་སླར་གསོ་མི་བྱེད་ཅེས་བཤད་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།