ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱིས་སོ་ཏི་ཨ་རབ་སོགས་རྒྱལ་ཁབ་བཞིས་ཁ་ཐར་ལ་བཀག་སྡོམ་བྱེད་མཚམས་འཇོག་རྒྱུའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཏིས་ལེ་སིན་གྱིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། ཁ་ཐར་རྒྱལ་ཁབ་ཀྱིས་འཇིགས་སྐུལ་ངོ་རྒོལ་ཐད་ནས་རྣམ་འགྱུར་བཟང་པོ་བསྟན་པས། སོ་ཏི་ཨ་རབ་སོགས་རྒྱལ་ཁབ་བཞིས་སྔ་མོ་ནས་ཁ་ཐར་ལ་བཀག་སྡོམ་བྱེད་མཚམས་འཇོག་རྒྱུའི་རེ་བ་བཅངས་ཡོད་ཟེར།

ཏིས་ལེ་སིན་གྱིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཨ་མན་གྱི་ཕྱི་འབྲེལ་ལས་དོན་གྱི་བློན་ཆེན་ཨ་ལཱ་ཝེ་དང་མཉམ་དུ་ཝ་ཧྲིན་ཏོན་ནས་གསར་འགོད་པར་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ཁ་ཐར་རྒྱལ་ཁབ་ཀྱིས་ཨ་མེ་རི་ཁ་དང་ཁ་ཐར་རྒྱལ་ཁབ་གཉིས་ཀྱིས་ཉེ་སྔོན་བཀོད་པའི་འཇིགས་སྐུལ་རིང་ལུགས་ལ་མ་དངུལ་གྱིས་རོགས་སྐྱོར་བྱེད་པར་ཆམ་ཕབ་གཏོང་བའི་བཟོད་སྒོམ་བརྗེད་ཐོ་ཧུར་ཐག་གིས་ལག་བསྟར་བྱས་པ་དང་མཉམ་དུ། སོ་ཏི་ཨ་རབ་སོགས་རྒྱལ་ཁབ་བཞི་ལ་གྲོས་མོལ་བྱས་ཏེ་གནད་དོན་ཐག་གཅོད་པའི་འདོད་བློ་བསྟན་ཡོད་ཟེར།

ཏིས་ལེ་སིན་གྱིས་བཤད་རྒྱུར། རྒྱལ་ཁབ་བཞིའི་བཀག་སྡོམ་གྱིས་ཁ་ཐར་རྒྱལ་ཁབ་ཀྱི་མང་ཚོགས་ཀྱི་འཚོ་བར་གནོད་བསྐྱལ་ཡོད་པས། རྒྱལ་ཁབ་བཞི་ཡིས་ཀྱང་དགེ་མཚན་ལྡན་པའི་འགུལ་སྐྱོད་སྤེལ་ནས། ཁ་ཐར་ལ་བཀག་སྡོམ་བྱེད་མཚམས་འཇོག་པར་བསམ་གཞིགས་གཏོང་རྒྱུའི་རེ་བ་བཅངས་ཡོད་ཟེར།

ཟླ་དྲུག་པའི་ཚེས་ལྔ་ཉིན། སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། པ་རེན་དང་ཨེ་ཅིབ་བཅས་རྒྱལ་ཁབ་བཞི་ཡིས་ཁ་ཐར་རྒྱལ་ཁབ་ཀྱིས་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱས་པ་དང་ས་ཁུལ་གྱི་བདེ་འཇགས་ལ་གཏོར་བརླག་བྱས་པ་རྒྱུ་མཚན་དུ་བྱས་ནས། ཁ་ཐར་བར་དུ་འབྲེལ་མཚམས་བཅད་པ་ཡིན་ཞེས་བསྒྲགས་པ་མ་ཟད། ཁ་ཐར་ལ་དངོས་པོ་སྐྱེལ་འདྲེན་བྱེད་མཚམས་འཇོག་ཏུ་བཅུག ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན། རྒྱལ་ཁབ་བཞི་ཡིས་ཁོ་ཝེ་ཐི་བརྒྱུད་དེ་ཁ་ཐར་ལ་ཉེན་ཚབས་ཐག་གཅོད་པའི་རེ་བ་བཅུ་གསུམ་བཏོན་པའི་ཡིག་ཆ་ཞིག་སྤྲད།

ཟླ་བདུན་པའི་ཚེས་ལྔ་ཉིན། རྒྱལ་ཁབ་བཞི་ཡིས་ཁའེ་ལོ་ནས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་བཞི་ཡིས་རེ་བ་བཅུ་གསུམ་བཏོན་པར་ཁ་ཐར་ཕྱོགས་ཀྱིས་ལན་བཏབ་པ་དེར་ཡིད་མི་ཚིམས་ཞེས་བཤད། དེའི་ཐད་ནས་ཁ་ཐར་གྱི་ཕྱི་འབྲེལ་པུའུ་ཡིས་ཡིད་ཕངས་པའི་ཚུལ་བསྟན། ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན། ཁ་ཐར་དང་ཨ་མེ་རི་ཁས་ཁ་ཐར་གྱི་རྒྱལ་ས་ཏོ་ཧ་ནས་འཇིགས་སྐུལ་རིང་ལུགས་ལ་མ་དངུལ་གྱིས་རོགས་སྐྱོར་བྱེད་པར་ཆམ་ཕབ་གཏོང་བའི་བཟོད་སྒོམ་བརྗེད་ཐོ་བཀོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།