ཀྲུང་གོ་བོད་ཀྱི་དྲ་བ།

སིང་ག་ལཱའི་ཕྱི་འབྲེལ་བློན་ཆེན་གྱིས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སིང་ག་ལཱའི་ཕྱི་འབྲེལ་བློན་ཆེན་ཁཱ་ལུའུ་ནཱ་ནཱ་ཡཱ་ཁི་ཡིས་ཚེས་བཅུའི་ཉིན་དཔལ་འབྱོར་གྱི་གནད་དོན་དབང་གིས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

སིང་ག་ལཱའི་ཙུང་ཐུང་རྟོག་ཞིབ་ཨུ་ཡོན་ལྷན་ཁང་གིས་ཟླ་སྔོན་མར་སིང་ག་ལཱའི་ཀྲུང་དབྱང་དངུལ་ཁང་གི་སྔོན་ཆད་ཀྱི་མགོ་བ་མཱ་ཧིན་ཏི་ལན་དང་དེའི་མག་པས་གཞུང་རྒྱུ་སྒེར་སྤྱོད་བྱས་པའི་གྱོད་དོན་ལ་རྟོག་ཞིབ་བྱེད་སྐབས། མཱ་ཧིན་ཏི་ལན་གྱི་མག་པས་ཁཱ་ལུའུ་ནཱ་ནཱ་ཡཱ་ཁི་ལ་ཁི་ལོན་ཕའོ་ནས་རིམ་པ་མཐོ་བའི་སྡོད་ཁང་ཞིག་གླས་པ་རེད།

དོན་དེར་དམིགས་ནས་ཁཱ་ལུའུ་ནཱ་ནཱ་ཡཱ་ཁི་ཡིས་ཚེས་བཅུའི་ཉིན་གྲོས་ཁང་ནས་བསྟན་དོན། རང་ཉིད་ཀྱིས་ལས་ཁུར་དགོངས་ཞུ་བྱེད་པ་ནི་སྲིད་གཞུང་གི་སྣང་བརྙན་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན་ལ། སྐྱོན་འཛུགས་དེ་དག་ལ་གཞི་འཛིན་ས་ཅི་ཡང་མེད་ཟེར། ཁཱ་ལུའུ་ནཱ་ནཱ་ཡཱ་ཁི་ཡིས་དེའི་སྔོན་བཤད་རྒྱུར། རིམ་པ་མཐོ་བའི་སྡོད་ཁང་གི་དོན་དེ་ནི་ཁྱིམ་མིས་ཐག་གཅོད་བྱས་པ་ལས་རང་ཉིད་ཀྱིས་གསལ་བོར་མི་ཤེས་ཟེར།

སིང་ག་ལཱའི་གྲོས་ཁང་གིས་ཚེས་བཅུའི་ཉིན་རིམ་པ་མཐོ་བའི་སྡོད་ཁང་གི་གནད་དོན་ཐད་ནས་ཁཱ་ལུའུ་ནཱ་ནཱ་ཡཱ་ཁི་ལ་ཡིད་ཆེས་མེད་པའི་འདེམ་ཤོག་འཕེན་རྒྱུ་གཏན་འཁེལ་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།